19
Fri, Apr

༢༠༡༩ལོའི་ཟླ་༨་ཚེས་༢༠་ཉིན། མྱོས་རྫས་ངན་གོམས་དང་ལང་ཚོ་དར་བབ་ཀྱི་ཟབ་སྦྱོང་ནང་ཞུགས་པའི་དགེ་སློབ་དང་འཕྲོད་བསྟེན་ལས་ཁུངས་ལས་མི་རྣམ་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༨་ཚེས་༢༠་ཉིན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག རྡ་ས་མག་ལོར་པདྨ་ཐང་གི་ཉེ་འགྲམ་དུ་ཡོད་པའི་ཁི་ལུབ་གསོལ་མགྲོན་ཁང་(Club Hotel)གི་ཚོགས་ཁང་དུ། བོད་པའི་སློབ་གྲྭ་ཁག་༣༡་ནས་ཡོང་བའི་དགེ་སློབ་༩༠་ཞིག་ལ། མྱོས་རྫས་ངན་གོམས་དང་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་ཞེས་པའི་ཉིན་བཞིའི་ཟབ་སྦྱོང་གི་དབྱེ་འབྱེད་མཛད་སྒོ་ཞིག་ཚོགས་སོང་།

དེ་ཡང་ཐོག་མར། འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་ཀྱིས་ཉིན་བཞི་ཡི་ཟབ་སྦྱོང་འདིའི་སྐོར་ལ་ངོ་སྤྲོད་གནང་དོན། མྱོས་རྫས་ངན་གོམས་དང་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་གྱི་ལས་འཆར་འདི་ནི། ཨ་རིའི་གཞུང་འབྲེལ་རོགས་སྐྱོར་འོག་༢༠༡༧་ལོ་ནས་འགོ་བརྩམས་ཡོད་པ་དང་། རྩ་བའི་ཆ་ནས་ཟབ་སྦྱོང་འདི་ལྟ་བུ་ཐེངས་བདུན་ཙམ་ཞིག་ལ་ཚོགས་ཚར་བ་རེད།

ཟབ་སྦྱོང་འདིའི་དགོས་དམིགས་སྐོར་ནས་གསུང་དོན། ད་ལྟའི་སློབ་ཕྲུག་ཚོ་ནི་མ་འོངས་པ་བོད་དོན་ཐོག་འཐབ་རྩོད་བྱེད་མཁན་རེད། དེར་བརྟེན། བོད་ཕྲུག་རྣམས་ཀྱི་འཕྲོད་བསྟེན་དང་ཤེས་རིག་སོགས་ཀྱི་ཐོག་གསོ་སྐྱོང་ཡག་པོ་བྱེད་རྒྱུ་དང་། བོད་ཕྲུག་རྣམས་ལང་ཚོ་དར་བབ་སྐབས་འཕྲོ་བརླག་ཏུ་མི་འགྲོ་བའི་ཆེད་དུ་ཡིན་སྐོར་བརྗོད་སོང་།

གཞན་ཡང་། ཟབ་སྦྱོང་འདི་བརྒྱུད་ནས་སློབ་ཕྲུག་ཚོའི་འཕྲོད་བསྟེན་ཐོག་དཀའ་ངལ་འཕྲད་སྐབས་གདོང་ལེན་ཇི་ལྟར་བྱེད་དགོས་མིན་དང་། སྔོན་འགོག་ཇི་ལྟར་བྱེད་ཐབས་སོགས་ཀྱི་ཐོག་ཡིན་སྐོར་བརྗོད་སོང་ལ། ད་དུང་། སྔོན་མར་མྱོས་རྫས་ངན་གོམས་ལ་བརྟེན་ནས་རྐྱེན་ངན་གང་བྱུང་ཡོད་པ་དང་། དེར་གདོང་ལེན་ཇི་ལྟར་བྱས་ཡོད་ཚུལ། དེའི་ཉམས་མྱོང་ལས་མ་འོངས་པར་ཅི་བྱེད་དགོས་མིན་བཅས་ཀྱི་སྐོར་ལ་ཐེངས་འདིའི་ཟབ་སྦྱོང་བརྒྱུད་ནས་སློབ་ཕྲུག་ཚོར་སྦྱོང་བརྡར་སྤྲོད་རྒྱུ་ཡིན་ཞེས་ཀྱང་བརྗོད་སོང་།

དེའི་རྗེས། སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གསུང་བཤད་གནང་དོན། ལང་ཚོ་དར་བབ་དང་མྱོས་རྫས་ངན་གོམས་ཟེར་ན་ཡག་པོ་འདུག ལང་ཚོ་དར་བབ་སྐབས་མྱོས་རྫས་ངན་གོམས་ཀྱི་དབང་དུ་འགྲོ་བ་འདི་ཐད་ནས། ཕ་མ་ཚོར་འགན་ཆེན་པོ་ཡོད་རེད། ཕ་མ་ཚོས་ལང་ཚོ་དར་བབ་འབྱུང་བཞིན་པའི་ཕྲུ་གུ་ལ་དོ་སྣང་དང་བསླབ་བྱ་ཡག་པོ་རྒྱག་ཐུབ་དགོས། ངན་གོམས་ཆགས་པ་ནི་ལས་སླ་བོ་ཞིག་ཡིན་པ་དང་། བཟང་པོ་ཆགས་རྒྱུར་དུས་ཚོད་ཧ་ཅང་རིང་པོ་འགོར་གྱི་ཡོད། ཅེས་གསུངས་ཏེ་ལང་ཚོ་དར་བབ་སྐབས་མྱོས་རྫས་ངན་གོམས་སུ་འགྲོ་བའི་ཐད་ནས་ཕ་མ་ཚོར་འགན་ཆེན་པོ་ཡོད་པར་གསུངས་སོང་།

དེ་ནས། འཕྲོད་བསྟེན་ལས་ཁུངས་ནས་བོད་སློབ་ཕྲུག་ཚོའི་ལུས་སེམས་གཉིས་ཀྱི་ཐོག་འཕྲོད་བསྟེན་ཡོང་བར་ཤུགས་རྒྱག་བཞིན་ཡོད་ཅིང་། རྒྱ་གཞུང་ལ་ཁ་གཏད་གཅོག་མཁན་མ་འོངས་བོད་པའི་སློབ་ཕྲུག་ཚོར་འཕྲོད་བསྟེན་ཡག་པོ་དགོས། མྱོས་རྫས་ངན་གོམས་ཕྱིན་པའི་སློབ་ཕྲུག་ཚོ་སློབ་གྲྭ་དང་དགེ་རྒན་ཚོས་སློབ་གསོ་དང་བདག་པོ་ཡག་པོ་རྒྱག་དགོས། ཁོ་ཚོ་སློབ་གྲྭ་ནས་ཕྱིར་འབུད་གཏོང་རྒྱུ་མེད། དེ་བཞིན། མྱོས་རྫས་ངན་གོམས་སོང་བའི་བོད་མི་རྣམས་རང་གི་སྤྱི་ཚོགས་ནས་ཕྱིར་འབུད་གཏོང་རྒྱུ་མེད། ཁོ་ཚོ་སློབ་གྲྭ་དང་སྤྱི་ཚོགས་ནས་ཕུད་ཚར་དུས་རྐུ་རྒྱག་པ་སོགས་ཀྱི་ལས་ཀ་སྡུག་བ་རྐྱང་བྱེད་ཀྱི་ཡོད། ཅེས་མྱོས་རྫས་ངན་གོམས་སུ་གྱུར་མཁན་རྣམས་ལ་སློབ་གྲྭ་དང་། སྤྱི་ཚོགས། ལས་ཁུངས་སོགས་ནས་བདག་པོ་བྱེད་རྒྱུ་གལ་ཆེན་ཡིན་ཚུལ་གསུངས་སོང་།

སློབ་ཕྲུག་ཁྱོད་ཚོ་འདིར་ཟབ་སྦྱོང་ཐོབ་རྗེས། ཕར་སློབ་གྲྭར་ལོག་ནས་སློབ་ཕྲུག་གཞན་ཚོར་དེའི་སྐོར་བཤད་དགོས་པ་དང་། མྱོས་རྫས་ངན་གོམས་སོང་བའི་སློབ་གྲོགས་ཚོར་རོགས་རམ་བྱེད་དགོས། ཞེས་གསུངས་སོང་།

ཉིན་བཞིའི་རིང་གི་ཟབ་སྦྱོང་འདིའི་བརྗོད་གཞི་ཁག་ནི། བྱིས་པ་གསོ་སྐྱོང་དང་ལྟ་སྐྱོང་གནང་ཕྱོགས་སྐོར་དང་། མྱོས་རྫས་ངན་གོམས་ངོ་སྤྲོད་དང་དཀའ་ངལ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞིའི་སྐོར། དེང་སང་སྤྱི་ཚོགས་ནང་གི་དཀའ་ངལ། མྱོས་རྫས་ནད་པའི་ཉམས་མྱོང་བཤད་རྒྱུ། མྱོས་རྫས་དང་ངན་གོམས་ཀྱི་འབྱུང་རྐྱེན་དང་དཀའ་ངལ། ནད་པའི་བསམ་བློ་གཏོང་ཕྱོགས་དང་སྨན་བཅོས་སྐོར་སོགས་ཡིན་འདུག