20
Sat, Apr

༢༠༡༩ལོའི་ཟླ་༨་ཚེས་༡༥་ཉིན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོ་པའི་བཀའ་བློན་རྣམ་པས་རྒྱ་གར་རང་བཙན་ཉིན་མོ་ཐེངས་༧༣་པ་སྲུང་བརྩི་ཞུ་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༨་ཚེས་༡༥་ཉིན། བཞུགས་སྒར་རྡ་སར་གནས་པའི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་མདུན་ཐང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོ་པའི་བཀའ་བློན་ལྷན་རྒྱས་ཀྱིས་རྒྱ་གར་གྱི་རྒྱལ་གླུ་གཏོང་ཞོར། རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ནས་རྒྱ་གར་གྱི་རང་བཙན་ཉིན་མོ་ཐེངས་༧༣་པ་དེ་སྲུང་བརྩི་ཞུས་སོང་།

དེ་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཉིན་མོ་འདི་དང་འབྲེལ་བའི་སྐོར་གསུང་དོན། དེ་རིང་ཉིན་མོ་འདི་རྒྱ་གར་ལ་ཧ་ཅང་གལ་ཆེན་པོ་ཆགས་བསྡད་ཡོད་རེད། རྒྱ་གར་ལ་རང་བཙན་ཐོབ་པའི་ཉིན་མོ་རེད། ད་དབར་ང་ཚོའི་རྩ་དོན་འདི་མགོ་བཀྱགས་ཐུབ་པ་དང་ལངས་ཐུབ་པ་བྱུང་བ་དེ། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ཡོད་དུས། དེ་རིང་ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་བྱས་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཞུ་རྒྱུ་དང་། རྒྱ་གར་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། གནས་སྟངས་གང་གི་ཐོག་ནས་ཡིན་ནའང་། ཡར་རྒྱས་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།

དེ་ནས་རྒྱ་གར་རང་བཙན་ཉིན་མོ་དང་བོད་པའི་འཐབ་རྩོད་དང་འབྲེལ་བའི་སྐོར་གསུང་དོན། ཉིན་མོ་འདི་གལ་ཆེན་པོ་རེད། རྒྱ་གར་རང་བཙན་འཐབ་རྩོད་པ་བདག་ཉིད་ཆེན་པོ་གན་ཌི་མཆོག་གིས་འཚེ་མེད་ཞི་བའི་ལམ་ནས་རྒྱ་གར་རང་དབང་འཐབ་རྩོད་གནང་ནས་རང་བཙན་རེག་པ་རེད། དེ་བཞིན་༸གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མི་ཚོས་འཚེ་མེད་ཞི་བའི་ལམ་དང་དབུ་མའི་ལམ་གཞི་བཞག་པའི་ཐོག་ནས་མིང་དོན་མཚུངས་པའི་རང་སྐྱོང་རེག་ཐབས་བྱེད་བཞིན་ཡོད། ང་རང་ཚོའི་རེ་བ་ལ་ཞི་བའི་ལམ་གྱི་ཐོག་ནས་བོད་ནང་གི་བོད་མི་ཚོའི་མངོན་འདོད་། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། བོད་མིའི་གཞི་རྩའི་རང་དབང་བསྐྱར་གསོ་བྱེད་ཐུབ་པ་ཡོང་བ་ཤོག་ཅེས་ཞུས་རྒྱུ་ཡིན།

ཧོང་ཀོང་ནང་ད་ལྟར་འབྱུང་བཞིན་པའི་ངོ་རྒོལ་ཐད་ལ་སྲིད་སྐྱོང་མཆོག་གིས་གསུང་དོན། ཧོང་ཀོང་ནང་མང་གཙོ་དང་རང་དབང་རྩོད་མཁན་ཚང་མར་བོད་པ་ཚོས་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད། མང་གཙོ་ཟེར་བ་དེ་ནི་རང་བཞིན་གྱིས་ཡོང་དགོས་པ་ཞིག་དང་ཐོབ་ཐང་ཞིག་ཀྱང་རེད། ཁོ་ཚོས་ད་དབར་མང་གཙོ་དང་རང་དབང་དགོས་ཀྱི་འདུག་ཅེས་བརྗོད་ནས་འཐབ་རྩོད་བྱེད་པ་དེ་བདེན་པ་རེད། མི་ཞིག་ཡིན་པའི་ཆ་ནས་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་གཞི་གང་གི་ཐོག་ལ་བལྟས་ནའང་། དེ་ནི་རང་བཞིན་གྱིས་་ཡོད་པའི་ཐོབ་ཐང་ཞིག་རེད། གནས་ཚུལ་གོ་བ་ཞིག་ལ་རྒྱ་མིའི་དམག་མི་ཧོང་ཀོང་གི་ས་མཚམས་ཁག་ལ་སླེབས་ཡོད་རེད་ཟེར་ནས་གོ་རྒྱུ་འདུག ང་ཚོ་འཚེ་མེད་ཞི་བའི་ལམ་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་པའི་ཆ་ནས། དྲག་གནོད་ཀྱི་ལམ་ནས་གནས་ཚུལ་ཐག་གཅོད་བྱས་པ་ཡིན་ན། གནས་ཚུལ་དེ་སྡུག་ཏུ་འགྲོ་རྒྱུ་མ་གཏོགས་ཡོད་མ་རེད། དེར་བརྟེན། ཞི་བའི་ལམ་ཐོག་ནས་ཕན་ཚུན་གྲོས་མོལ་བྱས་ནས་དཀའ་ངལ་སེལ་ཐབས་བྱས་པ་ཡིན་ན་ཚང་མར་ཕན་ཐོགས་ཆེན་པོ་ཡོད་རེད་ཅེས་བརྗོད་སོང་།

དེའི་རྗེས། སྲིད་སྐྱོང་མཆོག་རྡ་སའི་ཉེན་རྟོག་པའི་རྒྱ་གར་རང་བཙན་ཉིན་མོའི་མཛད་སྒོར་ཇི་ལྟར་མགྲོན་འབོད་ཞུས་དོན་ལྟར་ཕེབས་རྒྱུ་ཡིན་འདུག

རྒྱ་གར་རང་བཙན་ནི་ཕྱི་ལོ་༡༩༥༧་ཟླ་༨་ཚེས་༡༥་ཉིན། དབྱིན་ཇིའི་ལག་ནས་རེག་ཡོད་པ་དང་། དབྱིན་ཇི་ཡིས་རྒྱ་གར་ལོ་ངོ་༢༠༠་ཙམ་ལ་དབང་སྒྱུར་བྱས་ཡོད་ཅིང་། ཕྱི་ལོ་༡༨༨༥་ནས་རྒྱ་གར་གྱི་རང་དབང་འཐབ་རྩོད་པ་མང་པོ་ཞིག་གིས་རང་བཙན་འཐབ་རྩོད་ཀྱི་འགོ་བརྩམས། དེ་ནས་དག་ཉིད་ཆེན་པོ་གྷན་ཌི་མཆོག་གི་གཙོས་པའི་རང་དབང་འཐབ་རྩོད་པ་མང་པོ་ཞིག་གིས་རྒྱ་གར་ནང་ཡོད་པའི་དབྱིན་ཇིའི་སྲིད་གཞུང་ལ་ངོ་རྒོལ་བྱས་ཏེ་ལོ་ངོ་༦༠་ལྷག་ལ་རང་བཙན་འཐབ་རྩོད་བྱས་མཐར། ཕྱི་ལོ་༡༩༤༧་ལ་དབྱིན་ཇིའི་གཞུང་ནས་རྒྱ་གར་ལ་རང་བཙན་དངོས་སུ་སྤྲད།