16
Tue, Apr

༢༠༡༩ལོའི་ཟླ་༧་ཚེས་༨ཉིན། ༸གོང་ས་མཆོག་དང་་སྟོང་ལོ་གསུམ་པའི་ནང་འགྲོ་བ་མིའི་ཤེས་ཡོན་ལམ་ལུགས་ལྷན་ཚོགས་ཀྱི་སྐུ་ཚབ་རྣམས་དང་བགྲོ་གླེང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༧་ཚེས་༨ཉིན། བཞུགས་སྒར་རྡ་སའི་རྒྱལ་བའི་ཕོ་བྲང་དུ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྟོང་ལོ་གསུམ་པའི་ནང་འགྲོ་བ་མིའི་ཤེས་ཡོན་ལམ་ལུགས་ལྷན་ཚོགས་ཀྱི་སྐུ་ཚབ་རྣམས་དང་མཇལ་འཕྲད་གནང་ནས། ཤེས་ཡོན་ནི་བདེ་སྐྱིད་ལྡན་པའི་མི་ཚེའི་ཆེད་དུ་ཡིན་དགོས་པས། ཕྱི་ནང་གཉིས་ཀྱི་ཤེས་ཡོན་ལམ་ལུགས་འཛུགས་བསྐྲུན་བྱ་དགོས་པ་དེ་གལ་ཆེན་པོ་ཡིན་པའི་སྐོར་༸གོང་ས་མཆོག་གིས་བཀའ་སྩལ་འདུག

དེ་ཡང་། ཉིན་གཉིས་ཀྱི་བགྲོ་གླེང་ལྷན་ཚོགས་དེ་ནི་བོད་སྐྱོབ་དགེ་རྩ་ཚོགས་པ་དང་། བོད་ཀྱི་རིག་གཞུང་བསྟི་གནས་ཁང་། བོད་ཀྱི་དཔེ་མཛོད་ཁང་བཅས་ཀྱིས་མཐུན་འགྱུར་གོ་སྒྲིག་གནང་བ་ཞིག་ཡིན་འདུག སྟོང་ལོ་གསུམ་པའི་ནང་འགྲོ་བ་མིའི་ཤེས་ཡོན་ལམ་ལུགས་ཀྱི་སྐུ་ཚབ་རྣམས་ནི་རྒྱལ་ཁབ་འདྲ་མིན་བཅུ་ནས་ཕེབས་ཡོད་པ་དང་། ཟླ་འདིའི་ཚེས་༧ ཉིན་ལ་བཞུགས་སྒར་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དུ་རྒྱ་གར་དང་། ཇར་མན། བྷར་ཛེལ། མེ་སེ་ཀོ ཧྥིན་ལེན། ཨ་རི། ཨོ་སུ་ཁྲི་ལི་ཡ། བྷན་ལ་ཌེ་ཞེ། དབྱིན་ཇི། ཨུ་རུ་སུ་བཅས་ནས་ཤེས་ཡོན་པ་དང་། ཉམས་ཞིབ་པ། ལྟ་གྲུབ་སྨྲ་བ། སློབ་སྟོན་པ་སོགས་ལྷན་འཛོམས་ཀྱིས་འབྱུང་འགྱུར་སྟོང་ལོ་གསུམ་པའི་ནང་། འགྲོ་བ་མིའི་ཤེས་ཡོན་ལམ་ལུགས་ཇི་འདྲ་ཞིག་དགོས་མིན་ཐད་གོ་བསྡུར་བགྲོ་གླེང་གཟབ་རྒྱས་གནང་ཡོད་འདུག

ཚེས་ ༨ ཉིན་གྱི་སྔ་དྲོར། སྟོང་ལོ་གསུམ་པའི་ནང་འགྲོ་བ་མིའི་ཤེས་ཡོན་ལམ་ལུགས་ཀྱི་སྐུ་ཚབ་རྣམས་པས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་བའི་ཕོ་བྲང་དུ་མཇལ་བཅར་ཞུས་ཡོད་པ་དང་། སྐབས་དེར་བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་སོགས་ཕེབས་འདུག ཐོག་མར་ཨུ་རུ་སིའི་ཤེས་ཡོན་ཅན་མར་གྷ་རི་ཏ་ཁོ་ཛི་ཝེ་ནི་ཀོ་ཝ་ཡིས་སྟོང་ལོ་གསུམ་པའི་ནང་འགྲོ་བ་མིའི་ཤེས་ཡོན་ལམ་ལུགས་ཇི་འདྲ་ཞིག་དགོས་སྐོར་གྱི་བགྲོ་གླེང་ལྷན་ཚོགས་སྐོར་ལ་ངོ་སྤྲོད་དང་འབྲེལ། དེང་དུས་ཤེས་ཡོན་ལམ་ལུགས་དེ་འདོད་བློ་ཁེངས་ཐབས་ཤིག་རྩ་བ་ནས་མེད་པ་དང་། འབྱུང་འགྱུར་ཤེས་ཡོན་ལམ་ལུགས་དེར་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་མ་བཏང་ཚེ། གནས་སྟངས་དེ་བས་ཇེ་སྡུག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་སྐོར་སོགས་ཞུས་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེའི་ཐད་ལ་ལམ་སྟོན་བཀའ་སློབ་གསོལ་འདེབས་ཞུས་འདུག

དེ་ནས་ཨོ་སུ་ཁྲི་ལི་ཡའི་ཌེ་ཀིང་གཙུག་ལག་སློབ་གྲྭའི་ཤེས་ཡོན་སློབ་སྟོན་པ་སུ་ཀོ་ཁྲི་ཝེ་སུ་ཁྲེར་གྱིས་༸གོང་ས་མཆོག་ལ་གོ་སྐབས་དེ་འདྲ་གནང་བར་ཐུགས་རྗེ་ཞུས་པ་དང་། ཚེས་༧་ཉིན་གྱི་ལྷན་ཚོགས་དེའི་ངོ་སྤྲོད་དང་བགྲོ་གླེང་གང་བྱས་ཡོད་མེད་སྐོར་ལ་སྙན་སྒྲོན་ཞུ་སྐབས། ཁོས་ཞུ་དོན། བགྲོ་གླེང་དེ་དག་གཙོ་བོ་ནི་དེང་གི་རྒྱལ་སྤྱིའི་གནས་སྟངས་དང་། ཤེས་ཡོན་གྱི་ལམ་ལུགས་མང་པོ་ཞིག་ནི་གཞུང་གིས་སྲིད་ཇུས་བརྒྱུད་ནས་བྱུང་བ་ཡིན་པ། ཇི་འདྲ་བྱས་ནས་འགྲོ་བ་མི་རྣམས་དོན་སྙིང་ལྡན་པའི་མི་ཚེ་ཞིག་སྐྱེལ་ཐབས། འཕྲུལ་ཆས་ལ་བརྟེན་ནས་མིར་ཇི་ལྟར་འགྱུར་བ་ཕྱིན་མེད་སྐོར། མང་གཙོའི་སྐོར། དེ་བཞིན་དགེ་རྒན་ཡང་དག་པ་ཞིག་ཇི་ལྟར་བྱེད་དགོས་སོགས་ཀྱི་སྐོར་ཡིན་པར་ངོ་སྤྲོད་བྱས་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་འདིར་ཇི་འདྲའི་ཤེས་ཡོན་སྲིད་ཇུས་ཤིག་དགོས་པའི་སྐོར་ལ་བཀའ་འདྲི་ཞུ་སྐབས། ༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན།

འགྲོ་བ་མི་གཙོ་པའི་སེམས་ཅན་རྣམས་ནི་བདེ་སྐྱིད་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་ཤ་སྟག་རེད། འོན་ཀྱང་། འཛམ་གླིང་སྟེང་གི་་རྙོག་དྲ་བཟོ་མཁན་ནི་མི་རེད་ཅེས་དང་། འཛམ་གླིང་ནང་དེང་སྐབས་རྙོག་གྲ་བཟོ་མཁན་དེ་དག་གིས་གཙོས། འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་རྣམས་རང་གི་མ་ལས་སྐྱེས་པ་ཤ་སྟག་རེད། ཆུང་དུས་མའི་བྱམས་བརྩེའི་འོག་ནས་འཚར་ལོངས་བྱས་ཡོད། ངོས་ཀྱིས་རྒྱུན་དུ་འདི་ལྟར་བཤད་ཀྱི་ཡོད་། ངོས་ལ་མཚོན་ན་ངོས་ཀྱི་བྱམས་བརྩེའི་དགེ་རྒན་ཆེས་ཐོག་མ་ནི་ངོས་ཀྱི་ཨ་མ་ལགས་ཡིན། ངའི་པཱ་ལག་ཏོག་ཙམ་སྐུ་རླུང་ཚ་པོ་ཡོད་ཀྱང་། འོན་ཀྱང་ངོས་ཀྱི་ཨ་མ་ལགས་སྐུ་རླུང་བཞེངས་པ་ངོས་ཀྱིས་གཏན་ནས་མཇལ་མྱོང་མེད་ཅིང་། ཐུགས་སེམས་ཧ་ཅང་བཟང་པོ་རེད།

སྤྱིར་ཤེས་ཡོན་གྱི་དགོས་དམིགས་གཙོ་བོ་མི་ཚེ་བདེ་སྐྱིད་ལྡན་པ་བཟོ་རྒྱུ་དེ་རེད། འགྲོ་བ་མིའི་གཞི་རྩའི་ལྷན་སྐྱེས་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་པར་ཚན་རིག་པ་ཚོས་ཀྱང་འགྲེལ་བརྗོད་བྱེད་ཀྱི་ཡོད། དེ་ལྟར་ན་འཛམ་གླིང་ནང་མི་དགོས་པའི་རྙོག་གྲ་འདི་འདྲ་མང་པོ་ཞིག་གང་འདྲ་བྱས་ནས་བྱུང་བ་རེད། ཕྲུ་གུ་ཆུང་དུས་སློབ་གྲྭར་མ་ཞུགས་གོང་ནས་མིའི་ལྷན་སྐྱེས་བྱམས་བརྩེའི་འདུ་ཤེས་དེ་གསལ་པོ་ཡོད། སློབ་གྲྭའི་ནང་དུ་བཟང་སྤྱོད་དེ་དག་ཐོག་དེ་ཙམ་དོ་སྣང་མ་བྱས་པར་བརྟེན་བག་ལ་ཉལ་བའི་ཚུལ་དུ་གནས་བཞིན་ཡོད། དེར་བརྟེན་ཆགས་སྡང་གི་བློ་དེ་དག་སྐྱེ་སྐབས་གཉེན་པོ་ཇི་ལྟར་བསྟེན་དགོས་མིན་དོ་སྣང་གང་ཡང་མ་བྱས་སྟབས་གདོང་ལེན་བྱེད་སྟངས་ཤེས་ཀྱི་མེད། ལུས་པོར་འཕྲོད་བསྟེན་དགོས་པ་ལྟར་ད་ཆ་བསམ་བློའི་འཕྲོད་བསྟེན་དགོས་མཁོ་ཆེན་པོ་འདུག ད་ལྟའི་འཛམ་གླིང་གནས་སྟངས་འདི་འདྲ་ཞིག་འདུག ཕྱི་དངོས་པོའི་འཛུགས་སྐྲུན་ཁོ་ནར་གཙིགས་ཆེར་འཛིན་པའི་ཤེས་ཡོན་ལམ་ལུགས་ཐོག་ཕྱིན་པར་བརྟེན་མི་རབས་ནས་མི་རབས་དངོས་པོ་འཛུགས་སྐྲུན་ཁོ་ནར་དམིགས་ནས་ཕྱིན་པ་མ་གཏོགས། མིའི་ནང་གི་གཤིས་རྒྱུས་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་ལ་དོ་སྣང་རྩ་བ་ནས་མེད་པར་བརྟེན་དཀའ་ངལ་འཕྲད་བཞིན་ཡོད།

ད་ཆ་རྒྱ་གར་བ་ཚོས་གནའ་རབས་སྲོལ་རྒྱུན་ནས་བྱུང་བའི་འཚེ་མེད་ཞི་བ་དང་སྙིང་རྗེའི་ཉམས་ལེན་དེ་དག་འཛམ་གླིང་ཐོག་སྣེ་ཁྲིད་ཐུབ་པ་བྱེད་དགོས། ཆགས་སྡང་གི་བློར་རྒྱ་གར་སྲོལ་རྒྱུན་ལེགས་བཤད་ནས་གསུངས་པའི་གཉེན་པོ་བསྟེན་སྟངས་དེ་དག་སྟེང། དེང་དུས་ཤེས་ཡོན་གྱི་བསམ་བློ་གཏོང་སྟངས་ཟུང་འབྲེལ་ཐོག་ནས་དཀའ་ངལ་སེལ་ཐབས་ཡོད་པ་གསལ་འདོན་བྱེད་དགོས། འདི་ལོར་ང་ཚོས་དགེ་རྒན་ཁག་གཅིག་ལ་བློ་སྦྱོང་གི་ཉམས་ལེན་སྐོར་ཟབ་སྦྱོང་ཞིག་གོ་སྒྲིག་ཞུ་འཆར་ཡོད། ཀླད་པ་རྐྱང་རྐྱང་ལ་བརྟེན་པའི་ཤེས་ཡོན་དེ་མཐུན་ཕྱོགས་སུ་འགྲོ་དང་མི་མཐུན་ཕྱོགས་སུ་འགྲོ་མིན་གཙོ་བོ་ཀུན་སློང་གིས་ཐག་གཅོད་རྒྱུ་རེད།

དེར་བརྟེན། མིའི་ཕུལ་དུ་བྱུང་བའི་ཀླད་པ་དེ་དང་བྱམས་བརྩེའི་བསམ་བློ་གཉིས་ཟུང་འབྲེལ་ཐོག་ནས་འགྲོ་དགོས། དེའི་ཐོག་ནས་བཟང་སྤྱོད་ཀྱི་འགན་ཡོད་པའི་མི་ཚེ་ཞིག་བསྐྱལ་དགོས། ད་ལྟའི་ཤེས་ཡོན་ལམ་ལུགས་དེ་ཙམ་གྱིས་འདང་ངེས་མེད། ད་ལྟའི་འཛམ་གླིང་འདིའི་སྟེང་རྙོག་གྲ་བཟོ་མཁན་ཕལ་མོ་ཆེ་དེང་དུས་ཤེས་ཡོན་ཐོག་ལ་ཆ་བཞག་ན་ཤེས་ཡོན་ཧ་ཅང་ཡག་པོ་ཐོབ་པ་ཤ་སྟག་ཕལ་ཆེར་རེད། འོན་ཀྱང་། ཤེས་ཡོན་དེས་མཐར་མི་ཚེའི་ནང་རེ་དོགས་དང་། དངངས་སྐྲག ཞེ་སྡང་། ཕྲག་དོག འགྲན་སེམས་སོགས་མི་མཐུན་པའི་རྣམ་རྟོག་དེ་དག་ལུ་གུ་རྒྱུད་ནས་མི་ཚེའི་ནང་དཀའ་ངལ་ཟམ་མ་ཆད་པར་བརྟེན། དཀའ་ངལ་དེ་དག་ལས་མཐར་ཐབས་ཆེད་མྱོས་རྫས་སྤྱོད་རྒྱུ་དང་། མཐའ་ན་རང་ཤི་ཚུན་ཆད་བརྒྱབ་པའི་གནས་སྟངས་དེ་འདྲ་འབྱུང་བཞིན་ཡོད། ཁྱེད་ཚོས་ལྷན་ཚོགས་འདི་འདྲ་ཞིག་ཚོགས་དགོས་པ་དེ་ནི་དེང་དུས་ཤེས་ཡོན་ལམ་ལུགས་ལ་འགྱུར་བ་གཏོང་དགོས་པ་ཞིག་མཐོང་བ་རེད། དེ་དངོས་བདེན་རེད། ངོས་ཀྱིས་རྒྱབ་སྐྱོར་ཡོད། ང་ཚོ་མི་ལ་གཞན་དང་མི་འདྲ་བའི་ཀླད་པ་ཞིག་ཡོད་པ་དེ་མཚོན་ཆ་བཟོ་རྒྱུ་མིན་པར་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་བཟོ་ཐབས་ཆེད་བཀོལ་སྤྱོད་བྱེད་དགོས། ཅེས་སོགས་ཀྱི་བཀའ་སློབ་སྩལ།