19
Fri, Apr

༢༠༡༩ལོའི་ཟླ་༦་ཚེས་༣་ཉིན། ༸གོང་ས་མཆོག་གིས་སློབ་མ་དང་མི་མང་རྣམས་ལ་བཀའ་སློབ་གནང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༦་ཚེས་༣་ཉིན། བཞུགས་སྒར་རྡ་ས་གཙུག་ལག་ཁང་དུ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་ན་གཞོན་ཚོར་ནང་ཆོས་ནི་ཤར་ཕྱོགས་ཀྱི་ཉི་མ་ལྟ་བུ་ཡིན་པའི་སྐོར་དང་། གཞན་ང་ཚོའི་མི་རིགས་རྙིང་ཁུངས་རིགས་ཤིག་རེད་འདུག མི་རིགས་རྙིང་ཁོངས་ཡིན་པ་ཙམ་གྱིས་ངོ་མཚར་སྐྱེས་དགོས་པ་དང་ཧ་ལས་དགོས་པ་དེ་འདྲ་ཡོད་མ་རེད། མི་རིགས་དེས་ལོ་ངོ་སྟོང་ཕྲག་ལྷག་རིང་ལ་གསར་གཏོད་ག་རེ་བྱས་ཡོད་མེད་ཐོག་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་བཀའ་སྩལ་སོང་།

དེ་ཡང་རྡ་ས་ཐེག་ཆེན་གཙུག་ལག་ཁང་དུ་བོད་པའི་སློབ་གྲྭ་ཁག་དང་མཐོ་སློབ་འདྲ་མིན་ནས་ཡོང་བའི་སློབ་མ་དང་སེར་སྐྱ་མི་མང་། དེ་བཞིན་དུ་ཕྱི་རྒྱལ་ཁག་ནས་ཕེབས་པའི་ཆོས་ཞུ་བ་བཅས་ཁྱོན་མི་སྟོང་ཕྲག་ཁ་ཤས་འཛོམས་པའི་ཐོག་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་དོན། ཁྱོད་རང་ཚོ་སློབ་ཕྲུག་ཚོ་ནི་བོད་གངས་ཅན་ལྗོངས་ཀྱི་ཤ་ཁྲག་རུས་གསུམ་ནས་འཆད་བསྡད་པ་ཆགས་ཡོད་རེད། ཁྱོད་ཚོ་རྒྱ་གར་ནང་དང་ལུང་པ་འདྲ་མིན་ནས་སྐྱེས་པ་ཡོད་རྒྱུ་རེད་དེ། ང་ཚོ་ཚང་མས་བོད་རིགས་ཞེས་པའི་མིང་དེ་འཁྱེར་བསྡད་ཡོད་རེད། མ་ཤི་བར་བོད་རིགས་ཞེས་པའི་མིང་དེ་འཁྱེར་འདུག་རྒྱུ་རེད། དེར་འགྱུར་བ་གཏོང་རྒྱུ་གང་ཡང་མེད། བོད་རིགས་ཟེར་དུས་གང་འདྲ་རེད། ལོ་རྒྱུས་ཡི་ཐོག་ནས་ཕ་སྤྲེའུ་དང་མ་བྲག་སྲིན་མོ་ནས་བྱུང་བ་རེད་ཅེས་བཤད་ཡ་ཡོད་རེད། འོན་ཀྱང་། དེ་ཏག་ཏག་ཅིག་ཡིན་མིན་ངོས་ཀྱིས་ཡིད་ཆེས་ཞེ་དྲག་བྱེད་ཀྱི་མེད། ལོ་རྒྱུས་ཟེར་བ་དེ་ལོ་སྟོང་ཕྲག་ཕྱིན་པའི་དད་པ་ཡིན་པའི་སྲོལ་འདྲ་བོ་དང་། ཁྱད་ཆོས་ཡིན་པའི་སྲོལ་འདྲ་བོ་མི་འདྲ་བཤད་ནས་ཡིད་ཆེས་རྙེད་པ་ཁག་པོ་རེད་འདུག

གང་ལྟར། ང་ཚོས་མིག་མཐོང་ལག་ཟིན་དུ་གང་ཡོད་ཅེས་ན། བོད་གངས་ཅན་ལྗོངས་ལ་མིའི་རིགས་ཆགས་ནས་ལོ་ངོ་ཁྲི་བཞི་ལྔ་ཕྱིན་པའི་དཔང་རྟགས་ཡོད་རེད། ས་འོག་ནས་ཐོན་པའི་མིའི་རུས་པར་བརྟག་དཔྱད་བརྒྱུད་ནས་བོད་ཡུལ་དུ་མི་ཆགས་ནས་ལོ་ངོ་སྟོང་ཕྲག་བཞི་བཅུ་ལྔ་བཅུ་ཕྱིན་པ་བཤད་ཀྱི་ཡོད་པ་དང་། ང་ཚོའི་མི་རིགས་རྙིང་ཁུངས་རིགས་ཤིག་རེད་འདུག མི་རིགས་རྙིང་ཁོངས་ཡིན་པ་ཙམ་གྱིས་ངོ་མཚར་སྐྱེས་དགོས་པ་དང་ཧ་ལས་དགོས་པ་དེ་འདྲ་ཡོད་མ་རེད། མི་རིགས་དེས་ལོ་སྟོང་ཕྲག་ལྷག་རིང་ལ་གསར་གཏོད་ག་རེ་བྱས་ཡོད་མེད་ཐོག་ལ་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད་འདུག

སྔོན་ལ་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡིག་གསར་གཏོད་གནང་པ་རེད། དུས་རབས་བརྒྱད་པའི་ནང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་ཞི་བ་ཚོ་བོད་ལ་གདན་འདྲེན་གནང་ཡོད་པ་དང་། དེ་ནས་མཁན་ཆེན་ཞི་བ་ཚོས་ཁྱོད་རང་ཚོར་བོད་ཡིག་གཟུགས་སུ་འདུག་ཨ། ཁྱོད་རང་ཚོས་ལེགས་སྦྱར་དང་དེ་བཞིན་རྒྱ་གར་སྐད་ཡིག་སློབ་དགོས་པ་མ་རེད། ཁྱོད་རང་ཚོར་ཡི་གེ་ཡོད་དུས་ལེགས་སྦྱར་དང་པ་ལེའི་གཞུང་གང་ཐུབ་ཐུབ་བོད་ཡིག་ནང་བསྒྱུར་དགོས་རེད་གསུངས་འདུག དེ་འདྲའི་བཀའ་སློབ་གནང་ནས་བཀའ་འགྱུར་བསྟན་འགྱུར་པི་ཏི་སུམ་བརྒྱ་ལྷག་ཙམ་ཞིག་བོད་ཡིག་རང་ནང་ཡོད་པ་ཞིག་སྒྱུར་འདུག དེར་བརྟེན་ནས་་བོད་ལ་མཁས་གྲུབ་མང་པོ་བྱུང་བ་རེད། དེའི་དུས་བོད་ལ་གཟི་བརྗིད་ཆེན་པོ་ཡོད་རེད། ད་ལྟའི་གནས་སྟངས་ནི་འཛམ་གླིང་འདིའི་སྒང་ལ་ནང་པ་སངས་རྒྱས་པའི་ཆོས་ནི་འཛམ་གླིང་ཤར་ཕྱོགས་ཀྱི་ཉི་མ་ནང་བཞིན་རེད་ཅེས་སོགས་ཀྱི་བཀའ་སྩལ།

དེ་ནས་ཁོང་གིས་སངས་རྒྱས་ཀྱི་ཆོས་རྒྱ་གར་ནང་ཇི་ལྟར་དར་ཚུལ་དང་འཕེལ་རིམ། དེ་བཞིན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་རིམ་པ་གསུམ་སྐོར་བ་བཅས་ཀྱི་སྐོར་བཀའ་སློབ་གནང་རྗེས་ལག་ལེན་སོ་བདུན་མའི་ཆོས་འབྲེལ་དབུ་འཛུགས་གནང་སོང་།

སྤྱིར་༸གོང་ས་མཆོག་གིས་བོད་པའི་སློབ་ཕྲུག་ཚོར་ལོ་ལྟར་ཆོས་འབྲེལ་གནང་བཞིན་ཡོད་པ་དང་། ཐེངས་འདིའི་ཆོས་འབྲེལ་བརྗོད་བྱ་ནི་ལག་ལེན་སོ་བདུན་མ་རེད་འདུག དེའི་རྗེས་ཟམ་གདོང་རིན་པོ་ཆེ་ཡིས་༸གོང་ས་མཆོག་གིས་གནང་ཟིན་པའི་བཀའ་ཆོས་དང་འབྲེལ་བའི་ཐོག་ལ་བསྐྱར་བཤད་དང་རྒྱས་བཤད་གནང་སོང་།