16
Tue, Apr

༸གོང་ས་མཆོག་གིས་ལྡི་ལིའི་མཛད་འཕྲིན་ལེགས་པར་གྲུབ་རྗེས་རྡ་སར་ཞབས་སོར་བདེ་བར་འཁོད་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༤་ཚེས་༨་ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་ཉིན་བཞིའི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་བཞུགས་སྒར་རྡ་རམ་སར་༸ཞབས་སོར་བདེ་བར་འཁོད་གནང་སོང་བ་དང་། རྡ་ས་ཁུལ་གྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་མི་སྣ་དང་སྐུ་ཚབ། དེ་བཞིན་སེར་སྐྱ་ཕོ་མོ་མང་ཚོགས་དང་ཕྱི་རྒྱལ་བ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་སོང་།

དེ་ཡང་། ༸གོང་ས་མཆོག་ཟླ་འདིའི་ཚེས་༢་ཉིན་ལ་རྒྱ་གར་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། ཟླ་༤་པའི་ཚེས་༤་ཉིན་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཨ་ཧྥི་གྷན་ན་སི་ཐན་དང་བྷང་ལ་ཌེ་ཤི། བལ་ཡུལ། འབྲུག མལ་དིབ་ཧྥུ། པ་ཀི་སི་ཐན། ཤྲི་ལངྐཱ་སོགས་ཡོངས་གྲགས་སུ་ SAARC ཞེས་པའི་ཨེ་ཤི་ཡའི་མཐུན་ཚོགས་རྒྱལ་ཁབ་ཁག་ནས་ཚོགས་འདུར་འཛུལ་ཞུགས་གནང་མཁན་གྱི་སློབ་ཕྲུག་རྣམས་ལ་བཀའ་སློབ་སྩལ་རྗེས་གསར་འགོད་ལྷན་ཚོགས་དབུ་འཛུགས་ཀྱིས་ཐོག་མར་སྐུ་ཞབས་ Bren dan Ozawa de Silva ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་གཏན་འབེབས་གནང་བའི་རྒྱུད་རིམ་ངོ་སྤྲོད་གནང་འདུག

དེ་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་སློབ་སྟོན་པ་དང་། གསར་འགོད་པ་བཅས་ལ་བཀའ་སློབ་སྩལ་དོན། བྱམས་བརྩེས་ཕོངས་པའི་མི་སྡེའི་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐུབ་ཐབས་མེད། དེར་བརྟེན་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་བྱམས་བརྩེའི་སློབ་གསོ་ངེས་པར་དུ་དགོས། འཛམ་གླིང་ནང་དཀའ་ངལ་མང་པོ་ཞིག་མིས་བཟོས་པ་རེད། དཀའ་ངལ་དེ་དག་མིག་རྒྱང་ཐུང་ཐུང་དང་། ཉོན་མོངས་པའི་གཞན་དབང་དུ་སོང་བར་བརྟེན་ནས་ཡོང་བ་ཞིག་རེད། དེ་འདྲ་ཡིན་སྟབས་སྨོན་ལམ་བརྒྱབ་པ་ཙམ་གྱིས་དཀའ་ངལ་སེལ་རྒྱུ་ཟེར་བ་ཡོང་ཐབས་མེད། བྱ་བ་བཟང་ངན་ཇི་འདྲ་ཞིག་ཡིན་ཡང་གཙོ་བོ་ཀུན་སློང་ལ་རག་ལས་ཡོད། ཀུན་སློང་དེ་གཙོ་བོ་ཡིན་སྟབས་དུས་རབས་འདི་འཚེ་མེད་ཞི་བ་དང་བྱམས་བརྩེའི་དུས་རབས་ཤིག་བཟོ་མིན་མིའི་ཀུན་སློང་ལ་རག་ལས་ཡོད། ཤེས་ཡོན་གྱི་ལམ་ནས་མིའི་ཀུན་སློང་ཇེ་བཟང་དུ་བཏང་ཐུབ་པ་ཡིན་ན་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ། ཅེས་སོགས་ཀྱི་བཀའ་སློབ་སྩལ་འདུག

ཟླ་༤་ཚེས་༥་ཉིན། རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་ཨན་ཌ་ཛི་མགྲོན་ཁང་(Andaz Hotel)་དུ་༸གོང་ས་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་དེབ་དབུ་འབྱེད་གནང་ཡོད་པ་དང་། སློབ་དེབ་དེ་ནི་སྤྱི་ཚོགས་དང་། སེམས་ཚོར། བཟང་སྤྱོད་བཅས་ཀྱི་ཤེས་ཡོན་སློབ་གསོའི་བསླབ་གཞི་རྩ་འཛིན་གནང་སྟེ་ཏཱ་ལའི་བླ་མའི་དགེ་རྩ་དང་། ཨེ་མོ་རི་མཐོ་སློབ། ཝ་ན་ཐེབས་རྩ(Vana Foundation) བཅས་ཐུན་མོང་གིས་གཏན་འབེབས་གནང་བ་ཞིག་ཡིན་འདུག

དེའི་སྐབས། ཁོང་གིས་གསུང་དོན། འདོད་ཡོན་སྒྲུབ་ཆེད་མིའི་ཕུལ་བྱུང་གི་རྣམ་དཔྱོད་ཚུལ་དང་མི་མཐུན་པའི་སྒོ་ནས་བེད་སྤྱོད་བྱས་ནས་གཏོར་བཤིག་ཚབས་ཆེན་བཟོ་བཞིན་ཡོད། མིའི་རྣམ་དཔྱོད་དེ་སྨོན་ལམ་བརྒྱབ་ནས་ལེགས་པའི་ཆ་ཞིག་བཟོ་མི་ཐུབ། རྒྱུ་མཚན་ལ་བརྟེན་ནས་རྣམ་དཔྱོད་དེ་ལེགས་པའི་ཆ་ཞིག་ཏུ་འགྱུར་ཐུབ། ཐོག་མར་རིགས་་པའི་ལམ་ནས་དཔྱད་པ་བྱས་ཏེ་ཉོན་མོངས་དང་འབྲེལ་བའི་ཚུལ་མིན་གྱི་བློ་དེ་དག་ལ་གཉེན་པོ་བསྟེན་ཐུབ། འཕྲལ་སེལ་ཆགས་སྡང་གི་བློ་དེ་དག་གིས་རང་ཉིད་སྲུང་སྐྱོབ་བྱས་པ་ལྟ་བུར་སྣང་ཡང་དོན་དངོས་སུ་ཉོན་མོངས་པའི་བློ་དེ་དག་གིས་རང་ཉིད་ཕུང་ལ་སྦྱར་རྒྱུ་རེད། མིའི་རྣམ་དཔྱོད་ལ་བརྟེན་ནས་བསམ་བློ་ཡི་ལེགས་ཉེས་དབྱེ་འབྱེད་བྱེད་ཐུབ་པ་མ་ཟད། འཕྲལ་དང་ཕུགས་ཀྱི་ཁེ་ཕན་ཡང་གསལ་པོར་རྟོགས་ཐུབ། དེར་བརྟེན་མིའི་རྣམ་དཔྱོད་ལ་བརྟེན་ནས་ཕྱོགས་ཡོངས་ཀྱི་གནས་ཚུལ་རྟོགས་ཐུབ། མིའི་རྣམ་དཔྱོད་ལ་བརྟེན་ནས་དངོས་ཡོད་གནས་ཚུལ་རྟོགས་ཐུབ་པ་ལས་ཉོན་མོངས་པའི་གཞན་དབང་དུ་སོང་བའི་བློ་དེས་དངོས་ཡོད་གནས་ཚུལ་རྟོགས་མི་ཐུབ་ཅེས་བཀའ་སྩལ་འདུག

ཟླ་འདིའི་ཚེས་༦་ཉིན། ༸གོང་ས་མཆོག་གིས་རྒྱལ་སྤྱིའི་ན་གཞོན་འགོ་ཁྲིད་རྣམས་ལ་བཀའ་སྩལ་དོན། དུས་ཚོད་ནི་རྟག་ཏུ་འགྲོ་བཞིན་ཡོད་རེད། གང་གིས་ཀྱང་འགོག་མི་ཐུབ། ང་ཚོས་དུས་འདས་པར་འགྱུར་བ་གཏོང་མི་ཐུབ། འོན་ཀྱང་། ང་ཚོས་མ་འོངས་པར་འགྱུར་བ་གཏོང་ཐུབ། ཁྱེད་ཇི་ལྟར་བྱམས་བརྩེ་ལྡན་ན། དེ་ཚོད་ཀྱིས་ཁྱེད་ལ་སེམས་ཀྱི་ཞི་བདེ་ལྡན། གང་ལྟར་ཡང་། དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ཀྱིས་མིའི་རང་གཤིས་ཡར་རྒྱས་གཏོང་བར་དེའི་ཙམ་གྱིས་འདང་གི་མེད། དེ་ལྟ་ནའང་། ཤེས་ཡོན་ནི་མ་འོངས་པའི་བདེ་སྐྱིད་ལྡན་པའི་འཛམ་གླིང་བསྐྲུན་རྒྱུའི་ཐབས་ལམ་ཡག་ཤོས་དེ་རེད། གལ་སྲིད་གནས་ཚུལ་དེ་ཚོ་སྔོན་མ་ནང་བཞིན་འགྲོ་བཞིན་ཡོད་ན། དེས་དཀའ་ངལ་ཆེན་པོ་ཆགས་ཀྱི་རེད། ཁོང་གིས་གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགའ་ཅི་བྱ་ཡོད།། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགའ་མི་ཞིག་ཕན།། ཞེས་གསུངས་རྗེས། གལ་སྲིད་འགྲོ་བ་མི་ཐེར་འབུམ་བདུན་དེ་བྱམས་བརྩེ་དང་ཞི་བདེར་དགའ་བ་ཆགས་ན། ངོས་ལ་རང་གནས་ཚུལ་དེ་ཚོ་འགྱུར་བ་འགྲོ་བའི་ཡིད་ཆེས་ཡོད། འོན་ཀྱང་། སྨོན་ལམ་ཁོ་ནས་ཕན་གང་ཡང་མི་ཐོགས། ཀུན་སློང་གཙང་མའི་ཐོག་ནས་ལག་ལེན་བསྟར་དགོས་ཞེས་བཀའ་སྩལ་འདུག

ཟླ་༤་ཚེས་༧་ཉིན། སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཨ་རིའི་གཞན་ཕན་སྒྲུབ་མཁན་བྷོ་བྷད་ས་གྷེར(Bobby Sager)་ལགས་དང་རྒྱལ་སྤྱིའི་ན་གཞོན་འགོ་ཁྲིད་༤༧་ལ་མཇལ་འཕྲད་གནང་ཡོད་པ་དང་། དེའི་སྐབས་སུ། ༸གོང་ས་མཆོག་གིས་གསུང་དོན། གནས་ཚུལ་ནི་འགྱུར་བ་འགྲོ་ངེས་རེད། དེ་ནི་རང་བཞིན་གྱི་ཆ་ཤས་ཤིག་རེད། གནས་ཚུལ་བཟང་ངན་གང་ཞིག་ཡིན་རུང་། འགྱུར་ལྡོག་འགྲོ་ངེས་ཡིན། གནས་ཚུལ་དེ་ཚོ་འགྱུར་བ་འགྲོ་བ་ནི་རྒྱུ་དང་རྐྱེན་གཞན་དེ་ཚོར་བརྟེན་ནས་འབྱུང་བ་རེད། གནད་དོན་ཚབས་ཆེན་གང་འདྲ་ཞིག་ཡིན་རུང་། གལ་སྲིད་ང་ཚོས་ཤེས་རབ་བེད་སྤྱོད་དང་བསམ་བློ་ཡག་པོ་གཏོང་བ་དང་། ང་ཚོའི་ཤེས་རབ་དེར་མི་དགེ་བའི་འདུ་ཤེས་ཀྱིས་ཤུགས་རྐྱེན་ཐེབས་མ་བཅུག་ན། ང་ཚོའི་ཤེས་རབ་ལ་དངོས་ཡོད་ཀྱི་གནས་ཚུལ་མཐོང་ཐུབ་པའི་ནུས་པ་ལྡན་ཡོད། ང་ཚོའི་སེམས་ཚོར་གྱིས་བར་ཆད་བྱས་ཡོང་ན། ང་ཚོས་གནད་དོན་གྱི་ཆ་ཤས་ཤིག་མ་གཏོགས་མཐོང་མི་ཐུབ། ང་ཚོའི་སེམས་ཁམས་ལྷོད་ལ་འབབ་སྐབས། ང་ཚོའི་ཤེས་རབ་ཀྱིས་དངོས་ཡོད་ཀྱི་གནས་ཚུལ་ཆ་ཚང་མཐོང་ཐུབ་ཅེས་བཀའ་སྩལ་འདུག

ཟླ་འདིའི་ཚེས་༨་ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ག་གྷལ་གནམ་ཐང་བརྒྱུད་བཞུགས་སྒར་རྡ་རམ་སར་༸ཞབས་སོར་བདེ་བར་འཁོད་གནང་སོང་། རྡ་སར་ཆིབས་སྒྱུར་བསྐྱངས་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག དེ་བཞིན་བཞུགས་སྒར་རྡ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་དང་ཕྱི་རྒྱལ་བ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་།