20
Sat, Apr

༢༠༡༩ལོའི་ཟླ་༣་ཚེས་༨་ཉིན་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་ལོ་ངོ་༦༠་འཁོར་བའི་པར་རིས་འགྲེམས་སྟོན་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༣ ཚེས་༨ ཀྱིས་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་གོ་སྒྲིག་འོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་མིའི་ངོ་རྒོལ་གྱི་ལོ་ངོ་༦༠ ཐམ་པ་བཞེས་པའི་པར་རིས་འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་སོང་།

དེ་ཡང་མཛད་སྒོའི་ཐོག་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ལས་བྱེད་དང་། བཞུགས་སྒར་རྡ་ས་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་སོགས་ཕེབས་འདུག སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་པར་རིས་འགྲེམས་སྟོན་དབུ་འབྱེད་གནང་བ་དང་སྦྲགས་པར་རིས་ལ་གཟིགས་ཞིབ་གནང་རྗེས་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ནས་མཛད་སྒོ་ངོ་སྤྲོད་གསུང་བཤད་གནང་། དེ་ནས་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམ་ནོར་བུ་ལགས་ཀྱིས་པར་རིས་འགྲེམས་སྟོན་དང་འབྲེལ་ནས་གསུང་བཤད་དུ། ད་ལྟ་བོད་ཀྱི་པར་རིས་འགྲེམས་སྟོན་གནང་བཞིན་པ་འདི་གལ་ཆེན་ཡིན་པ་དང་། རྒྱ་ནག་གིས་༡༩༤༩ ལོར་བོད་ལ་བཙན་འཛུལ་བྱས་ནས་ལོ་ངོ་བདུན་ཅུ་འཁོར་གྱི་ཡོད་ལ། བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་ཞི་བའི་ངོ་རྒོལ་བྱས་ནས་ལོ་དྲུག་ཅུ་འཁོར་གྱི་ཡོད། ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་ངོ་༡༡ འཁོར་གྱི་ཡོད། དེར་བརྟེན་དུས་ཚིགས་ཀྱི་ཆ་ནས་པར་རིས་འགྲེམས་སྟོན་གནང་བ་དེ་གལ་ཆེན་པོ་ཆགས་ཡོད། པར་རིས་ཀྱི་ལམ་ནས་དངོས་ཡོད་ཀྱི་གནས་ཚུལ་དེ་བདེན་པ་ར་འཕྲོད་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་རྗེས།

སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་གསུང་བཤད་གནང་། དེ་རིང་དབུ་འབྱེད་ཀྱི་མཛད་སྒོར་ཕེབས་པའི་ཕྱི་ལོ་ ༡༩༥༩ ནས་ད་བར་གྱི་ཆབ་སྲིད་བཙོན་པ་འདས་གསོན་ཡོངས་ཀྱི་སྐུ་ཚབ་བློ་བཟང་ཡོན་ཏན་ལགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་འགན་འཛིན་ངག་དབང་འོད་འབར་ལགས་དང་ཟླ་བ་ལགས་ཀྱིས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་ལ་གུས་བརྩི་ཞུས་པའི་ཐོག་ནས་དེ་རིང་འདིར་ཕེབས་མཁན་ཡོངས་ལ་ཞུ་རྒྱུར།

དེ་རིང་འདིར་འགྲེམས་སྟོན་གོ་སྒྲིག་ཞུ་དགོས་དོན་ནི། ལོ་འདིའི་ཟླ་༣་པའི་ཚེས་ ༡༠ ཉིན་ནི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ ཆགས་ཀྱི་ཡོད། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་༸རྒྱལ་བ་རིན་པོ་ཆེ་མཆོག་གི་དབྱར་ཁའི་ཕོ་བྲང་ནོར་བུ་གླིང་ཁའི་རྒྱལ་སྒོ་མདུན་དུ་བོད་མི་རྣམས་མ་གྲོས་བསམ་པ་གཅིག་མཐུན་ཐོག་རང་དབང་སྒེར་ལངས་བྱས་པ་དང་། དེ་བཞིན་ཕྱི་ཟླ་༣ ཚེས་༡༢ ཉིན་བུད་མེད་རང་དབང་སྒེར་ལངས་བྱུང་བ་རེད། དེ་དང་ཕྱོགས་མཚུངས། བོད་ནང་ལས་འགུལ་སྣ་མང་ཏན་ཏན་བྱུང་ཡོད། ང་ཚོས་མ་ཤེས་པ་ཁྲི་ཚོ་མང་པོ་ཡོད་རེད་བསམ་གྱི་འདུག ཕྱིས་སུ་གལ་ཆེ་བ་ཞིག་ནི་ཕྱི་ལོ་༡༩༨༧ ཟླ་༩ ཚེས་༢༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བའི་གྲོས་འཆར་དོན་ཚན་ལྔ་བཏོན་པ་དང་། རྒྱ་ནག་གཞུང་གིས་འཁྱོག་བཤད་ལ་མི་འདོད་པའི་རྣམ་པ་བསྟན་པར་བོད་ནང་ཞི་རྒོལ་བྱུང་བ་དང་། དེ་བཞིན་ཕྱི་ལོ་༡༩༨༧ ཟླ་༡༠ ཚེས་༡ ཉིན་སྐུ་ཞབས་བྱམས་པ་བསྟན་འཛིན་ལགས་ཀྱིས་སྐད་འབོད་གནང་བ། དེ་དང་ཕྱོགས་མཚུངས་ཕྱི་ལོ་༡༩༨༨ ཟླ་༣ ཚེས་༥ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཞི་རྒོལ་བྱུང་བ་སོགས་དེ་འདྲའི་ལས་འགུལ་མང་པོ་སྤེལ་ཡོད། བོད་ནང་རྒྱལ་གཅེས་པ་རྣམས་ཀྱིས་སོ་སོའི་སྲོག་ཚུན་ཆད་བློས་བཏང་སྟེ་ལས་འགུལ་སྤེལ་བ་དེ་ང་ཚོས་རྗེས་དྲན་ཞུ་ཡི་ཡོད་པ་རེད། དེ་བཞིན་ཕྱི་ལོ་༡༩༨༩ ཟླ་༦ ཚེས་༡ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་རིགས་སློབ་མ་ཚོས་ལས་འགུལ་སྤེལ་ཡོད། དེ་རྗེས་བོད་ས་ཁྱོན་ཡོངས་ལ་དྲག་པོའི་དམག་ཁྲིམས་བསྡམས་ཏེ་བོད་ནང་དཀའ་ངལ་ཆེན་པོ་ཆགས་པ་མ་ཟད། ལྷག་པར་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་དེ་བྱུང་ཡོད། དེང་སང་དྲ་རྒྱའི་དུས་རབས་ཡིན་པས། དྲ་རྒྱ་བརྒྱུད་པར་རིས་འགྲེམས་སྟོན་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་བ་དང་འབྲེལ། པར་རིས་དབུ་འབྱེད་མཛད་སྒོ་གྲོལ་སོང་།