15
Tue, Oct

༢༠༡༩ལོའི་ཟླ་༣་ཚེས་༨་ཉིན་ཕྱི་རྒྱལ་གྱི་གྲོས་ཚོགས་འཐུས་མི་ཁག་བོད་དོན་རྒྱབ་སྐྱོར་ཆེད་རྡ་སར་ཕེབས་འདུག

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༣ ཚེས་༨ ཉིན། འཇར་མ་ནི་ དང་ཁེ་ན་ཌ། སི་ལོ་ཝ་ཀི་ཡ། ཐེ་ཝན་བཅས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཆེད། འདི་ལོའི་གསུམ་བཅུའི་དུས་དྲན་ཐེངས་༦༠ ལ་དམིགས་ཏེ་རྡ་ས་གངས་ཅན་སྐྱིད་གཞུང་དུ་སླེབས། ཁོ་ཚོས་བོད་ཀྱི་འཚེ་མེད་ཞི་བའི་ལས་འགུལ་ལ་བསྔགས་བརྗོད་དང་། ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར། ༸གོང་ས་མཆོག་ལ་དད་འདུན་ཡོད་པ་སོགས་ཀྱི་སྐོར་ནས་གསུངས་ཤིང་། གཞན་ཡང་རྒྱ་ནག་གི་སྲིད་ཇུས་ལ་སྐྱོན་བརྗོད་ཀྱང་གནང་སོང་།

དེ་ཡང་རྡ་ས་གངས་སྐྱིད་ཚོགས་ཁང་དུ་སྲིད་སྐྱོང་མཆོག་གིས་རྒྱལ་ཁབ་དེ་དག་གི་གྲོས་ཚོགས་འཐུས་མི་དེ་རྣམས་ལ་དགའ་བསུ་འཚམས་འདྲི་ཞུས་པ་དང་སྦྲགས། ལོ་རྒྱུས་ལ་དྲན་གསོ་གནང་སྟེ་རྒྱ་གཞུང་གིས་བོད་ས་ཟིན་ནས་ལོ་ངོ་༦༠་འཁོར་བཞིན་ཡོད་པའི་སྐོར་དང་། ལོ་དེ་དག་གི་རིང་ལ་གཞིས་བྱེས་བོད་ཚོའི་སྙིང་སྟོབས་ཞུམ་པ་མེད་པའི་སྐོར། བཙན་བྱོལ་ནང་གི་མང་གཙོ། གཞན་ཡང་འཚེ་མེད་ཞི་བ་དང་རང་ལུས་མེར་སྲེག་སོགས་ཀྱི་སྐོར་ནས་གསུང་བཤད་ཟབ་མོ་གནང་།

དེའི་རྗེས་ཐོག་མར་འཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཤོལ-བྷར་ཊི(Michael Brand) མཆོག་གིས་གསུང་བཤད་དོན། བོད་མི་ཚོས་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་གནང་བཞིན་པ་ནི་ངོ་མཚར་ལྡན་པ་ཞིག་རེད། ད་ལྟའི་རྒྱལ་སྤྱིའི་ནང་ཨུ་རུ་སུ་དང་རྒྱ་ནག ཏར་ཀི་བཅས་ཀྱི་བྱེད་སྟངས་ལ་བརྟེན་ནས་གནས་སྟངས་འཁྲུག་ཆ་དོད་པོ་ཆགས་ཡོད། ལྷག་པར་རྒྱ་ནག་གཞུང་གི་བྱེད་སྟངས་དེ་ནི་ཧ་ཅང་རང་ཤེས་ཅན་ཞིག་རེད། ང་རང་སྒེར་ལ་མཚོན་ན་ཡེ་ཤུའི་ཆོས་པ་ཞིག་ཡིན། འོན་ཀྱང་ངས་བོད་མི་ནང་པ་ཚོའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་བྱེད་སྐབས་རྒྱ་ནག་གཞུང་གིས་ཆེད་མངགས་སྡང་ཟུག་ཆེན་པོས་ང་རྒྱ་ནག་ནང་དུ་འགྲོ་སྐྱོད་ལ་དམ་བསྒྲགས་བྱས་པ་སོགས་བྱེད་ཀྱི་འདུག དེ་ལྟར་བྱེད་དགོས་དོན་གང་ཡིན་ཤེས་རྟོགས་དཀའ། དུས་རབས་འདིའི་ནང་ཆོས་དད་རང་དབང་གི་གནད་དོན་ནི་རྒྱལ་སྤྱིའི་ནང་གནད་དོན་གལ་ཆེ་ཤོས་ཤིག་ཡིན་པར་ངས་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོ་འཇར་མན་གྲོས་ཚོགས་ནང་བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་ཤུགས་ཆེ་བྱེད་བཞིན་ཡོད། དེ་རིང་རྒྱལ་ཁབ་མང་པོ་ཞིག་ནས་གྲོས་ཚོགས་འཐུས་མི་མང་པོ་ཞིག་རྡ་སར་ཕེབས་པ་མཐོང་སྐབས་ང་རང་དགའ་ཚོར་ཧ་ཅང་སྐྱེ་བཞིན་འདུག གང་ཡིན་བརྗོད་ན་ང་ཚོ་ཚང་མས་མཉམ་རུབ་ཐོག་ནས་བོད་མིར་རྒྱབ་སྐྱོར་བྱ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་རེད། ང་ཚོའི་གྲོས་ཚོགས་ནང་བོད་དོན་ཐོག་རྒྱབ་སྐྱོར་བྱེད་སྐབས་རྒྱལ་སྤྱིའི་བོད་དོན་ལས་འགུལ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་རྒྱབ་སྐྱོར་ཤུགས་ཆེ་གནང་གི་འདུག འཇར་མན་གྲོས་ཚོགས་ནང་བོད་དོན་གླེང་སྐབས་ང་ཚོ་ཚང་མ་ཁ་གཅིག་གྲགས་རེད། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་འཇར་མན་གྲོས་ཚོགས་ནང་ཕེབས་ཐུབ་པར་དགའ་པོ་བྱུང་། གང་ཡིན་བརྗོད་ན་བོད་ནང་གནས་སྟངས་ཇི་འདྲ་ཡིན་སྐོར་འཛམ་གླིང་ཕྱིས་ཤེས་རྟོགས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་མཁན་གྲོས་ཚོགས་འཐུས་མི་ཚང་མར་རྒྱ་ནག་གཞུང་གིས་རྒྱུ་མཚན་གང་བྱས་ནས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱེད་སྐོར་སྐད་ཆ་དྲིས་བྱུང་། རྒྱ་ནག་གཞུང་གིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་རྒྱལ་ཁབ་ཕན་ཚུན་དབར་དབྱེན་སྦྱོར་བྱེད་བཞིན་ཡོད། ང་ཚོས་བོད་མི་ཚོའི་གཞི་རྩའི་ཁྲིམས་མཐུན་གྱི་ཐོབ་ཐང་ལ་ངོས་འཛིན་ཞུ་དགོས་མ་ཟད། ཁྲིམས་མཐུན་བོད་མིའི་སྐུ་ཚབ་དང་ལྷན་མཉམ་རུབ་ཞུ་དགོས། ཞེས་སོགས་གསུངས།

དེའི་རྗེས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གར་ནེ་ཊི་ཇི་ནེ་སི(Mr. Garnett Genuis) མཆོག་གིས་གསུང་བཤད་གནང་དོན། ང་རང་སྒེར་གྱི་མི་ཚེར་མཚོན་ན་ངའི་རྨོ་རྨོ་ལགས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་འཇར་མན་གཅིག་བསྡུས་དབང་འཛིན་འོག་དཀའ་སྡུག་ཧ་ཅང་མྱངས་ཡོད། དེ་བརྒྱུད་ནས་ང་ཚོ་ནང་མི་རྣམས་འགྲོ་བ་མིའི་ཐོབ་ཐང་ཧ་ཅང་རྩ་ཆེར་འཛིན་བཞིན་ཡོད། རྨོ་རྨོ་ལགས་ལྟ་བུ་འགྲོ་བ་མིའི་ཐོབ་ཐང་མེད་མཁན་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་རྒྱབ་སྐྱོར་ཞུ་རྒྱུ་ངའི་ལས་འགན་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ངའི་རྨོ་རྨོ་ལགས་དཀའ་སྡུག་དེ་ཙམ་མྱངས་ཡོད་ཀྱང་བསམ་བློའི་ནང་འཁོན་འཛིན་རྩ་བ་ནས་མེད་པ་དེར་ང་རང་ངོ་མཚར་སྐྱེས་བྱུང་། ང་རང་ལོ་གསུམ་དང་ཕྱེད་ཙམ་གོང་བཞུགས་སྒར་རྡ་རམ་ས་ལར་ཐོག་མར་སླེབས་པ་རེད། སྐབས་དེར་ང་སྒེར་༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་བཅར་ཞུ་རྒྱུ་བྱུང་། སྐབས་དེར་ང་རང་བོད་དོན་སྐོར་ལ་དེ་ཙམ་རྒྱུས་མངའ་མེད། འོན་ཀྱང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཞལ་རས་མཇལ་སྐབས་ངའི་རྨོ་རྨོ་ལགས་དང་འདྲ་བར་ཁོང་གི་ཞལ་རས་སྟེང་འཁོན་འཛིན་རྩ་བ་ནས་མེད་པ་མཇལ་བྱུང་། ཕྲན་བུ་བློ་ཕམ་གྱི་རང་བཞིན་ཡོད་ཀྱང་གཞི་རྩའི་ཆ་ནས་དགའ་སྤྲོ་དང་དགའ་སྤོབས་ལྡན་ལ། བྱམས་བརྩེའི་རང་མདངས་ཆེ་ཆེར་མངོན་ཞིང་། མི་ཚེའི་ནང་རེ་བ་གསར་པ་ཞིག་སྦྱིན་ཐུབ་པའི་ཞལ་མདངས་ཤིག་མཇལ་བྱུང་། དུས་སྐབས་དེ་ནས་བཟུང་ངས་བོད་དོན་ཐོག་རྒྱབ་སྐྱོར་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན། ང་རང་གྲོས་ཚོགས་ནང་ལས་དོན་གལ་ཆེ་ཞིག་ནི་བོད་དོན་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། བོད་མི་ཚོས་འཚེ་མེད་ཞི་བའི་ལམ་ནས་བོད་དོན་འཐབ་རྩོད་གནང་བཞིན་པ་དེ་ནི་ང་ཙམ་མ་ཟད། བོད་དོན་རྒྱབ་སྐྱོར་གནང་མཁན་མང་པོ་ཞིག་ལ་སྙིང་སྟོབས་འཕེལ་བཞིན་ཡོད།

དེ་ལ་བརྟེན་ནས་ང་ཚོས་རྒྱབ་སྐྱོར་ཞུ་བཞིན་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཕན་ཚུན་དབར་དབྱེན་སྦྱོར་བྱས་ནས་འགལ་ཟླ་བཟོ་བཞིན་པ་དེར་ང་ཚོས་ཡིད་གཟབ་བྱས་དགོས། ལས་དོན་དེ་དག་རྒྱ་ནག་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ཟེར་བས་སྤེལ་བཞིན་ཡོད། ང་ཚོས་ཀྱང་འཐབ་ཕྱོགས་གཅིག་གྱུར་འོག་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་དགོས། ང་ཚོ་མཉམ་རུབ་གནང་དགོས་པ་ཧ་ཅང་གནད་འགག་ཆེན་པོ་འདུག ཁ་སང་ང་ཚོའི་རོགས་པ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་ཐབས་བྱས་པའི་སྐད་ཆ་གོ་བྱུང་། ང་ཚོས་རྒྱ་ནག་གཞུང་ལ་གསལ་པོར་ཞུ་རྒྱུར། ང་ཚོས་རྒྱ་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཇི་ཙམ་བྱས་པ་ལྟར་ང་ཚོས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་སྒྱུར་འོག་དཀའ་སྡུག་མྱོང་མཁན་རྒྱ་མི་རིགས་ཙམ་མ་ཟད། བོད་མི་དང་ཡུ་གུར་བ་ཚོ་ཡང་ཚུད་ཡོད། ང་རང་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ངོས་ནས་ཁེ་ན་ཌ་བོད་རིགས་མཐུན་ཚོགས་ཀྱིས་བོད་དོན་ཐོག་ཕྱག་ལས་ཧ་ལས་པ་གནང་གི་འདུག ལྷག་པར་བོད་མི་གཞོན་སྐྱེས་ཁྲོད་གྲོས་ཚོགས་ནང་དང་ཞབས་གོ་སྐབས་བླངས་ནས་ཟླ་བ་གཉིས་ཙམ་རིང་གྲོས་ཚོགས་འཐུས་མིའི་ལས་དོན་ལ་ཕྱགས་རོགས་ཞུ་དགོས། གོ་སྐབས་དེས་བོད་དོན་ཐོག་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཞིག་ཐེབས་ཀྱི་འདུག རྒྱ་ནག་གི་བོད་མིའི་སྐུ་ཚབ་ཚོགས་པ་ཡིན་ཟེར་བ་ཁེ་ན་ཌར་འབྱོར་སྐབས་ངའི་ལས་ཁུངས་ནང་བོད་མི་དང་ཞབས་པ་གཅིག་ཡོད། ཁོང་གིས་སྐབས་དེར་ང་ལ་རོགས་ཕན་ཧ་ཅང་གནང་བྱུང་། འཆི་མེད་ལྷ་མོར་མཚོན་ན་ཁེ་ན་ཌའི་མཐོ་སློབ་མཐུན་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་བྱུང་ཡོད། དེ་རྗེས་རྒྱ་ནག་གཞུང་གིས་སློབ་གྲྭར་དངོས་ཤུགས་བརྒྱུད་ནས་གནོན་ཤུགས་ཧ་ཅང་སྤྲད་པ་མ་ཟད། འཆི་མེད་ལྷ་མོ་སྒེར་ལའང་དཀའ་ངལ་ཧ་ཅང་བཟོ་ཐབས་བྱས་ཡོད། དེ་ནི་གཙོ་བོ་ཊོ་རོན་ཊོར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བྱས་པ་ཞིག་རེད་འདུག དེར་བརྟེན་ཤེས་ཡོན་བསྟི་གནས་ཁང་དུ་རྒྱལ་ཁབ་གཞན་གྱི་གནོན་ཤུགས་སྤྲོད་བཞིན་པའི་གནད་དོན་ཐོག་ཚང་མས་དོ་སྣང་བྱེད་དགོས་པ་ཞིག་ཆགས་པ་རེད། ཅེས་གསུངས།

དེའི་རྗེས་སླར་ཡང་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ལིན་ཌན་ཀན(Ms. Linda Duncan) མཆོག་གིས་བོད་མི་ཚོས་ལོ་ངོ་ ༦༠ རིང་རྒྱ་ནག་དམར་པོའི་དབང་སྒྱུར་འོག་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས་ནི་ཁེ་ན་ཌའི་ནང་གདོད་མའི་མི་རིགས་ཁག་གཅིག་དེ་སྔ་དཀའ་སྡུག་མྱངས་པ་དང་མཚུངས་ཤིང་། ད་ཆ་གྲོས་ཚོགས་ནང་གདོད་མའི་མི་རིགས་ཀྱི་སྐུ་ཚབ་འཐུས་མི་ཡོད་པ་མ་ཟད། གྲོས་ཚོགས་ནང་གཏམ་བཤད་གནང་སྐབས་རང་གི་སྐད་ཐོག་ནས་གཏམ་བཤད་གནང་ཆོག་པ་རེད། ངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་མང་པོ་བཀླགས་མྱོང་ཡོད། ད་ལྟ་ངས་ཁོང་གི་བྱམས་བརྩེའི་སྐོར་གྱི་ཕྱག་དེབ་གཅིག་ཀློག་བཞིན་ཡོད། དེར་བརྟེན་ཐེངས་འདིར་ངས་རྡ་སའི་བོད་པའི་སློབ་མ་རྣམས་དང་ལྷན་གོ་བསྡུར་བྱེད་དགོས་པའི་གནད་དོན་གཅིག་ཡོད། དེ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བྱམས་བརྩེའི་གསར་བརྗེ་དགོས་སྐོར་བཀའ་སློབ་སྩལ་བའི་སྐོར་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།

དེ་ནས་སི་ལོ་ཝ་ཀི་ཡའི་གྲོས་ཚོགས་འཐུས་མི་ལྕམ་ཎི་ཁོལ་སོ་ན་ཝ(Lucia Duris Nicholsonova) མཆོག་གིས་གསུང་བཤད་གནང་སྐབས། ཕྱི་ལོ་ ༢༠༠༦ ལོར་༸གོང་ས་ཏཱ་ལའི་བླ་མ་མཆོག་སི་ལོ་ཝ་ཀི་ཡའི་ནང་ཆིབས་སྒྱུར་བསྐྱངས་པ་དང་། སྐབས་དེར་ཁོང་གི་ཕྲུ་གུ་བདུན་ཕྲག་གཉིས་ཙམ་ལས་སོན་མེད་ཀྱང་༸གོང་ས་མཆོག་གིས་ཁོང་ལ་ཕྱག་དབང་སྩལ་བ་དེ་ཁོང་གིས་དུས་ནམ་ཡང་བཀའ་དྲིན་བསམ་ཤེས་ཞུ་བཞིན་པ་དང་། དེ་ཡང་ཁོང་གིས། ང་ཚོའི་ཡུལ་མི་མང་པོ་ཞིག་གིས་བོད་དོན་རྒྱབ་སྐྱོར་བྱེད་དགོས་དོན་ནི་ལོ་ངོ་སུམ་ཅུའི་གོང་ང་ཚོའི་ལུང་པའི་ནང་དུའང་དམར་ཤོག་གི་དབང་སྒྱུར་འོག་དཀའ་སྡུག་ཧ་ཅང་མྱངས་ཡོད། འོན་ཀྱང་ང་ཚོས་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་བྱས་འབྲས་སུ་མཐར་མང་གཙོར་རྒྱལ་ཁ་ཐོབ་ནས་གཅིག་བསྡུས་དབང་འཛིན་ཕམ་པ་རེད། ཅེས་སོགས་གསུངས།

དེ་བཞིན་ཐེ་ཝན་མང་གཙོ་ཡར་འཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་མེ་ནུ་ཡུ (Ms.Mei Nu Yu )མཆོག་གིས། འདི་ལོའི་གསུམ་བཅུའི་དུས་དྲན་ནི་གསུམ་དུས་ཐེངས་ ༦༠ འཁེལ་བཞིན་ཡོད་སྟབས་ཧ་ཅང་གནད་འགག་ཆེན་པོ་ཞིག་རེད། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་བཞིན་ཡོད་ཀྱང་བོད་མི་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཐོབ་ཐབས་བྱེད་བཞིན་ཡོད། དེ་སྔ་ཐེ་ཝན་ནང་དུའང་ཕྱི་ལོ་ ༡༩༨༧ གོང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་མེད། ང་ཚོས་དམག་ཁྲིམས་ལ་ཞི་རྒོལ་རྔམ་སྟོན་བྱས་འབྲས་སུ་གཞི་ནས་ཐེ་ཝན་ནང་མང་གཙོ་དར་འཕེལ་ཐུབ་པ་བྱུང་ཡོད། ད་ཆ་ཐེ་ཝན་ནང་མང་གཙོའི་རིང་ལུགས་ལག་བསྟར་བྱེད་བཞིན་ཡོད། ཅེས་སོགས་གསུངས།

 

 

 

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།