18
Thu, Apr

༢༠༡༩ལོའི་ ཟླ་ ༡ ཚེས་ ༢༨ ཉིན། ༸གོང་ས་མཆོག་གིས་བཞུགས་སྒར་རྡ་ས་༸རྒྱལ་བའི་ཕོ་བྲང་དུ་ Kivunim ཞེས་པའི་ཤེས་ཡོན་བསྟི་གནས་ཁང་གི་དགེ་སློབ་ཁག་དང་མཇལ་འཕྲད་གནང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༸གོང་ས་མཆོག་གིས་ཕྱི་རྒྱལ་དགེ་སློབ་ཁག་ཅིག་ལ་བཀའ་སློབ་སྩལ་དོན། དུས་རྟག་ཏུ་ཞེ་སྡང་དང་། ང་རྒྱལ། དེ་བཞིན་འཇིགས་སྣང་འོག་གནས་པ་ཡིན་ན་ལུས་པོའི་ནང་ནད་སྔོན་འགོག་བྱེད་མཁན་ལུས་ཟུངས་མ་ལག་ immune systems ཉམས་རྒུད་དུ་ཕྱིན་ནས་ལུས་པོ་རང་བཞིན་གྱིས་ཉམས་རྒུད་འགྲོ་བ་དང་། ནད་ན་ཚ་ཕོག་སླ་པོ་ཆགས་ཀྱི་ཡོད་པ་ཤོད་ཀྱི་འདུག དེར་བརྟེན་ང་ཚོས་གཟུགས་པོའི་འཕྲོད་བསྟེན་ལ་བདག་གཅེས་བྱེད་ཀྱི་ཡོད་པ་ལྟར་ནང་སེམས་ཀྱི་འཕྲོད་བསྟེན་ལའང་བདག་གཅེས་བྱེད་དགོས་ཞེས་གསུངས།

དེ་ཡང་༢༠༡༩ལོའི་ ཟླ་ ༡ ཚེས་ ༢༨ ཉིན།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་ས་༸རྒྱལ་བའི་ཕོ་བྲང་དུ་ Kivunim ཞེས་པའི་ཤེས་ཡོན་བསྟི་གནས་ཁང་གི་སློབ་ཕྲུག་གྲངས་ ༥༡ དང་ལས་བྱེད་གྲངས་ ༦ བཅས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། ང་ཚོ་འགྲོ་བ་མི་དུང་ཕྱུར་བདུན་བཅུ་ཡོད་པ་ཚང་མ་ཐོག་མར་མའི་མངལ་ནས་བཙའ་སྟངས་དང་མཐར་འཆི་འགྲོ་སྐབས་སུའང་གནས་སྟངས་གཅིག་མཚུངས་ཡིན་པ་མ་ཟད། མའི་བྱམས་སྐྱོང་འོག་ནས་འཚར་ལོངས་བྱུང་བ་གཅིག་མཚུངས་རེད། ལྷག་པར་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་རྣམས་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་མི་གཅིག་མཚུངས་རེད།

འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་ནི་བྱམས་བརྩེ་ལྡན་པ་རེད། ཅེས་ཚན་རིག་པས་བརྟག་དཔྱད་བྱས་པ་བརྒྱུད་ར་སྤྲོད་ཐུབ་པ་བྱུང་ཡོད་པ་མ་ཟད། དུས་རྟག་ཏུ་ཞེ་སྡང་དང་། ང་རྒྱལ། དེ་བཞིན་འཇིགས་སྣང་འོག་གནས་པ་ཡིན་ན་ལུས་པོའི་ནང་ནད་སྔོན་འགོག་བྱེད་མཁན་ལུས་ཟུངས་མ་ལག་ immune systems ཉམས་རྒུད་དུ་ཕྱིན་ནས་ལུས་པོ་རང་བཞིན་གྱིས་ཉམས་རྒུད་འགྲོ་བ་དང་། ནད་ན་ཚ་ཕོག་སླ་པོ་ཆགས་ཀྱི་ཡོད་པ་ཤོད་ཀྱི་འདུག དེར་བརྟེན་ང་ཚོས་གཟུགས་པོའི་འཕྲོད་བསྟེན་ལ་བདག་གཅེས་བྱེད་ཀྱི་ཡོད་པ་ལྟར་ནང་སེམས་ཀྱི་འཕྲོད་བསྟེན་ལའང་བདག་གཅེས་བྱེད་དགོས།

འཛམ་གླིང་ནང་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་པ་དང་བརྩེ་བ་སོགས་ཀྱི་བསླབ་བྱ་གསུང་བཞིན་ཡོད། རྒྱ་གར་ནང་ཁ་ཆེའི་ཆོས་ལུགས་ཤི་ཡ་ Shia དང་སུན་ནི་ Sunni གཉིས་དབར་འཁྲུག་རྩོད་བྱུང་བའི་སྐད་ཆ་ནམ་ཡང་གོ་མྱོང་མེད། དཀའ་ངལ་རྩ་བ་ནས་མེད། འོན་ཀྱང་རྒྱལ་ཁབ་འགའ་ཤས་ནང་ཤི་ཡ་ Shia དང་སུན་ནི་ Sunni གཉིས་དབར་འཁྲུག་རྩོད་བྱེད་བཞིན་ཡོད། ལྷག་པར་ཆོས་ཀྱི་མིང་ཐོག་ནས་མིས་རྙོག་དྲ་བཟོ་བཞིན་པ་འདི་ཧ་ཅང་ཐབས་སྡུག་རེད།

ངོས་ཀྱིས་ཕྱི་ལོ་ ༢༠༡༡ ལོར་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་མི་མང་གིས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་ལ་རྩིས་སྤྲོད་བྱས་ཟིན་ཡོད། ད་ཆ་ངོས་ཀྱི་ལས་འགན་ནི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཕྱུག་པོ་ཡོད་པ་དེ་དག་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དེ་ཡིན། དཔལ་ནཱ་ལེནྡྲའི་རིག་གཞུང་ནི་གཙོ་བོ་རྒྱུ་མཚན་ལ་གཞི་བཅོལ་ནས་འགྲོ་གི་ཡོད། དེ་ནི་ཚན་རིག་དང་མཐུན་ཞིང་ནང་པའི་ཆོས་བརྒྱུད་འཛིན་མཁན་ཚོའི་ཁྲོད་ན་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད། ཚན་རིག་པ་ཚོས་བརྗོད་ན། བོད་མཐོ་སྒང་གི་ཁོར་ཡུག་ནི་ཧ་ཅང་འཇིག་སླ་བ་ཞིག་ཡིན་པས། གལ་ཏེ་གཏོར་བཤིག་ཏུ་བཏང་ཚེ་དེ་སླར་གསོ་བྱེད་པར་དུས་ཚོད་ཧ་ཅང་འགོར་གྱི་ཡོད།

རྒྱ་ནག་ལོ་རྒྱུས་ཀྱི་ཡིག་ཆ་ནང་དུས་རབས་བདུན་པ་དང་བརྒྱད་པ། དགུ་པའི་སྐབས་རྒྱ་བོད་ཧོར་གསུམ་ཞེས་རང་བཙན་ཡོད་པའི་རྒྱལ་ཁབ་སོ་སོར་གནས་ཡོད། འདས་པའི་གནས་ཚུལ་ནི་འདས་པ་རེད། ང་ཚོས་རྒྱ་ནག་དང་ཁ་བྲལ་གྱིས་རང་བཙན་དགོས་ཟེར་གྱི་མེད། ང་ཚོ་རྒྱ་ནག་དང་མཉམ་དུ་བསྡད་ནས་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་བྱུང་ན་འགྲིག་ས་རེད་ཅེས་ང་ཚོའི་ལངས་ཕྱོགས་འདི་རེད།ཅེས་སྐུའི་རླབས་ཆེན་གྱི་མཛད་འཁུར་གཙོ་བོ་བཞི་སྟེ་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དང་། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ། རྒྱ་གར་གནའ་རབས་ཀྱི་ལེགས་བཤད་བསྐྱར་གསོ་བཅས་ཀྱི་སྐོར་བཀའ་སློབ་སྩལ་རྗེས་སློབ་ཕྲུག་རྣམས་ཀྱི་དྲི་བར་བཀའ་ལན་སོགས་སྩལ་འདུག