20
Sat, Apr

གངས་ལྗོངས་ནོར་འབྲས་གསར་ཐོན་བྱུང་འདུག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༡ཚེས་༡༥ཉིན། བཞུགས་སྒར་རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བྷན་རྡར་ར་ནོར་རྒྱལ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་གངས་ལྗོངས་ནོར་འབྲས་བཟོ་གྲྭའི་ཆེས་ཐོག་མའི་ཐོན་སྐྱེད་གངས་ལྗོངས་ནོར་འབྲས་དངོས་སུ་ཐོན་པ་དང་འགྲེམས་ཚོང་མྱུར་དུ་བྱེད་རྒྱུའི་གསལ་བསྒྲགས་སྤེལ་སོང་། གངས་ལྗོངས་ནོར་འབྲས་ནི་བོད་རིགས་ཚོགས་པ་སྐྱིད་སྡུག་ཁག་དང་། དེ་བཞིན་ཁྲོམ་རྭ་ཁྲོད་ཨང་རིམ་གཉིས་པའི་ནང་འགྲེམས་སྤེལ་ཞུ་ཐུབ་པའི་འབྲས་སྤུས་ཚད་ལེགས་པོ་ཡོད་པ་བརྗོད་སོང་།

དེ་ཡང་གསལ་འགོད་གསལ་བསྒྲགས་ཐོགསྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་དང་། ནང་སྲིད་དྲུང་འཕར་ཀརྨ་ཆོས་དབྱིངས་ལགས། བྷན་རྡར་ར་ནོར་རྒྱལ་གླིང་བོད་མིའི་གཞིས་ཆགས་ཀྱི་མཉམ་འབྲེལ་ཚོགས་གཙོ་ཕུན་ཚོགས་བཀྲ་ཤིས་ལགས་དང་། དྲུང་ཆེ་བསྟན་འཛིན་ཕན་བདེ་ལགས། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ཁྱོན་མི་གྲངས་༢༥ཙམ་ལྷན་འཛོམས་ཀྱིས་ཐོག་མར་འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ཀྱིས་གསུང་དོན། བོད་མིའི་སྒྲིག་འཛུགས་ནས་ལོ་གཉིས་དང་ཕྱེད་ཀའི་གོང་ལ་སྤྱི་ཚོགས་བདེ་དོན་དང་། དཔལ་འབྱོར་འཛུགས་སྐྲུན། དེ་བཞིན་ཚོགས་པ་ཡར་རྒྱས་གཏོང་སླད་ལས་གཞི་ཞིག་སྤེལ་བ་དེ་ཉིད་ལེགས་གྲུབ་ཀྱིས་༼གངས་ལྗོངས་ནོར་འབྲས།༽ཞེས་པ་འདི་ཉིད་ཕྱིར་འགྲེམས་བྱེད་རྒྱུའི་དུས་ཚོད་སླེབ་ཡོད། ད་ལྟའི་སྤྱི་ཚོགས་ནང་གནས་ཚུལ་གསར་པ་ཞིག་ཆགས་ཀྱི་ཡོད།

ལས་གཞི་འདི་ནི། བཟོ་གྲྭ་ཞིག་བཙུགས་པའི་ཐོག་ནས་ས་གནས་ཀྱི་ཐོན་ཁུངས་དེ་བཞིན་ཁྲོམ་རྭའི་ནང་འགྲེམས་སྤེལ་བྱེད་རྒྱུའི་འབད་བརྩོན་གནང་བ་ལྟར་ལམ་ལྷོངས་བྱུང་ཐུབ་ཡོད། སྤྱིར་བྷན་རྡར་ར་ནོར་རྒྱལ་གླིང་བོད་མིའི་གཞིས་ཆགས་ནི་ཚ་དྲོད་ཆེན་པོའི་ས་ཁུལ་དང་འབྲས་སྐྱེས་པའི་ས་ཆ་ཡག་ཤོས་ཤིག་རེད། འབྲས་ཀྱི་བང་མཛོད་ཞིག་ཀྱང་ཡིན། བྷན་རྡར་ར་ནོར་རྒྱལ་གླིང་གངས་ལྗོངས་ནོར་འབྲས་བཟོ་གྲྭའི་ཐོན་སྐྱེད་གངས་ལྗོངས་ནོར་འབྲས་ནི་བོད་རིགས་ཚོགས་པ་སྐྱིད་སྡུག་ཁག་དང་། དེ་བཞིན་རྒྱ་གར་ཁྲོམ་རྭ་ཁྲོད་ཨང་རིམ་གཉིས་པའི་ནང་འགྲེམས་སྤེལ་ཞུ་ཐུབ་པའི་འབྲས་སྤུས་ཚད་ལེགས་པོ་ཅན་ཞིག་ཡིན་ཞེས་བརྗོད་སོང་།

དེ་རྗེས་བྷན་རྡར་ར་ནོར་རྒྱལ་གླིང་མཉམ་འབྲེལ་ཚོགས་གཙོ་ཕུན་ཚོགས་བཀྲ་ཤིས་ལགས་ཀྱིས་གསུང་དོན།༢༠༡༤ལོར་༸གོང་ས་མཆོག་བྷན་རྡར་ར་ནོར་རྒྱལགླིང་བོད་མིའི་གཞིས་ཆགས་སུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་སྐབས་རོགས་དངུལ་ཁྱོན་བསྡོམས་ཧིན་སྒོར་འབུམ་༡༥༧ཐམ་པ་བསྩལ་ཡོད་པ་དང་། ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་འབུམ་ལྔ་དང་རྒྱབ་སྐྱོར་གནང་བར་དེ་རིང་གོ་སྐབས་བཟང་པོ་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ལས་དོན་དེ་དང་འབྲེལ་ཡོད་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

གཞན་ཡང་༢༠༡༨ལོའི་ཟླ་༩ཚེས་༧ཉིན། ནང་སྲིད་བཀའ་བློན་མཆོག་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ་རྣམ་པ། དེ་བཞིན་སྤྱི་ཁྱབ་འཆར་འགོད་འགན་འཛིན་བཅས་བྷན་རྡར་ར་ས་གནས་མཉམ་འབྲེལ་གྱི་འབྲས་འཐག་ལས་གཞི་གསར་པ་༼གངས་ལྗོངས་ནོར་འབྲས་བཟོ་གྲྭ༽ཞེས་པ་དབུ་འབྱེད་གནང་བ་བཞིན་གྲུབ་འབྲས་ལེགས་གྲུབ་བྱུང་ཡོད། སླར་ཡང་མཐུན་འགྱུར་རོགས་རམ་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ཞེས་གསུངས།

དེ་ནས་དྲུང་ཆེ་བསྟན་འཛིན་ཕན་བདེ་ལགས་ཀྱིས་བྷན་རྡར་ར་ནོར་རྒྱལ་གླིང་བོད་མིའི་གཞིས་ཆགས་མཉམ་འབྲེལ་ཀྱི་སྐོར་ནས་འདི་ལྟར་གསུང་དོན། བྷན་རྡར་ར་ནོར་རྒྱལ་གླིང་བོད་མིའི་གཞིས་ཆགས་མཉམ་འབྲེལ་ནི། ཕྱི་ལོ་༡༩༧༤ལོར་འགོ་བཙུགས་གནང་བ་དང་། མ་ཧ་རྴ་ཀྲ་མངའ་སྡེའི་མཉམ་འབྲེལ་སྒྲིག་འཛུགས་འོག་དེབ་སྐྱེལ་བྱས་ནས་ལོ་ངོ་༤༤འཁོར་བཞིན་ཡོད།བྷན་རྡར་ར་མཉམ་འབྲེལ་གྱི་དམིགས་ཡུལ་གཙོ་བོ་ནི། མང་ཚོགས་ཀྱི་ཁེ་ཕན་དང་འདོད་པ་བསྐྲུན་ཐབས་བྱ་རྒྱུ་ཡིན་པ་མ་ཟད། ལས་གཞི་ཇི་ལྟར་སྤེལ་རུང་ཚགས་ཚུད་པོ་ཡོང་ཐབས་བྱེད་རྒྱུ་ཡིན། ལས་གཞི་དེའི་ཐོག་མཐུན་འགྱུར་རོགས་རམ་དང་། ཐུགས་འཁུར་ཆེན་པོ་བཞེས་པའི་ཐོག་སྐུ་ལས་སྐྱོན་མཁན་ཡོངས་ལ་བྷན་རྡར་ར་ནོར་གླིང་བོད་མིའི་གཞིས་ཆགས་འགོ་ལས་ཡོངས་ཀྱི་ཚབ་ཞུས་ཏེ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་བཞིན་མཉམ་འབྲེལ་གྱི་དྲུང་ཆེ་ཟུར་པ་ཚེ་རིང་དབང་ཕྱུག་ལགས་སུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གངས་ལྗོངས་ནོར་འབྲས་བཟོ་གྲྭའི་ཐོན་སྐྱེད་གངས་ལྗོངས་ནོར་འབྲས་དེ་འབྲས་གཞན་དང་སྤུས་ཚད་སྡུར་ཚེ། སྤུས་ཚད་ཡག་ཤོས་དེར་སླེབ་མི་ཐུབ་ཀྱང་ཨང་གཉིས་པར་སླེབ་ཐུབ་ཀྱི་ཡོད། འདི་ལྟ་བུའི་ལས་གཞི་ནི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ནང་ནས་བྷན་རྡར་ར་ནོར་རྒྱལ་གླིང་བོད་མིའི་གཞིས་ཆགས་ཐེངས་དང་པོ་ཆགས་ཡོད་ཅེས་བརྗོད་སོང་།

གངས་ལྗོངས་ནོར་འབྲས་གྷ་རམ་ཆིག་སྟོང་ཡང་ན་ཀེ་ལོ་གཅིག་ལ་སྒོར་༥༠ཅན་དང་སྒོར་༤༠ཅན་སོགས་ཡིན་འདུག