18
Thu, Apr

༢༠༡༩ལོའི་ཟླ༡་ཚེས་༡༡ཉིན། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་བཙན་བྱོལ་བོད་མི་རྣམས་ལ་དབྱར་ཚོང་རོགས་སྐྱོར་ལས་གཞི་དང་པོ་འགོ་འཛུགས་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ༡་ཚེས་༡༡ཉིན། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་བཙན་བྱོལ་བོད་མི་རྣམས་ལ་དབྱར་ཚོང་རོགས་སྐྱོར་ལས་གཞི་དང་པོ་འགོ་འཛུགས་གནང་སོང་། དེ་ནི་རྒྱ་གར་ནང་བཞུགས་པའི་བོད་མི་ཚོང་པ་ཚོར་དབྱར་ཀའི་སྐབས་སུ་ཚོང་རྒྱག་པའི་མ་རྩ་རོགས་དངུལ་འབུམ་གཉིས་རེ་གཡར་བའི་ལས་གཞི་ཞིག་ཡིན་འདུག

དེ་ཡང་བཙན་བྱོལ་བོད་མི་རྣམས་ལ་དབྱར་ཚོང་རོགས་སྐྱོར་ལས་གཞི་དང་པོའི་དབུ་འབྱེད་དེ་ནི། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ་འཚོགས་ཤིང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་། དཔལ་འབྱོར་དྲུང་ཆེ་ཡེ་ཤེས་དབང་མོ་ལགས། རྒྱ་གར་བ་CEO Ram Mohan Raoལགས། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས། འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་བཅས་ཕེབས་འདུག

ཐོག་མར་གསར་འགོད་ལྷན་འཛོམས་ཐོག་དུ་འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ཀྱིས་ལས་གཞི་འདིའི་ངོ་སྤྲོད་དང་སྦྲགས་གསུང་དོན། དེ་སྔོན་སུད་ཚོང་གི་བུན་གཡར་ལས་གཞི་དང་། དེ་བཞིན་ལས་གཞི་ཆེ་ཆུང་ཁག་གསུམ་ཞིག་འགོ་བཙུགས་བྱེད་རྒྱུའི་ཡིན་སྐོར་སོགས་གསལ་བསྒྲགས་སྤེལ་ཡོད་རེད། དེ་ནས་ད་ལྟར་རྒྱ་གར་RBI ནས་ལག་འཁྱེར་རག་པ་རེད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཞེས་པ་དེབ་སྐྱེལ་ཟིན་པ་དང་།  བཀའ་ཤག་སྲིད་ཇུ་དང་དཔལ་འབྱོར་ལས་ཁང་གིས་རྒྱབ་སྐྱོར་འོག་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་འདི་བསྐྲུན་པ་རེད། དེ་རིང་འདིར་གསལ་བསྒྲགས་སྤེལ་བའི་དམིགས་ཡུལ་གཙོ་བོ་གཉིས་ཡོད། དང་པོ་དེར་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་འདི་བཙུགས་ནས་བོད་མི་མང་ཕན་ཐོགས་ཡོང་བའི་ཆེད་དུ་དང་། ལྷག་པར་དུ། དབྱར་ཚོང་རྒྱག་པའི་བོད་མི་ཚོར་དམིགས་ནས་ལས་གཞི་གསར་བ་བཟོས་པ་རེད། གཉིས་པ་དེར། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ལ་ལག་འཁྱེར་ཐོབ་པ་རེད། ལག་འཁྱེར་དེའི་ཐོག་ནས་ང་ཚོ་མ་འོངས་པ་གནས་སྟངས་ག་འདྲ་ཆགས་མིན་དང་ཡར་རྒྱས་ག་འདྲ་མིན་ཐོག་ལ་རག་ལས་རེད་ཅེས་གསུངས།

དེ་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་དངུལ་ཁང་ཆེན་མོ་ནས་སྤྲད་པའི་ལག་འཁྱེར་དབུ་འབྱེད་གནང་རྗེས་གསུང་དོན། བོད་མིའི་སྒྲིག་འཛུགས་ནས་སུད་ཚོང་གི་བུན་གཡར་ལས་གཞི་སྤེལ་བ་རེད། སྔ་ལོར་སུད་ཚོང་གི་རོགས་སྐྱོར་ལས་གཞིར་ཕུལ་ཐུབ་ཡོད་པ་དང་བསྟུན་མ་དངུལ་བརྒྱ་ཆ་བརྒྱ་གཏན་འབེབས་དུས་ཚོད་ལས་སྔོན་དུ་ཕྱིར་སློག་ཐུབ་པར་ཨ་རིའི་ཐེབས་རྩ་དང་། དེ་བཞིན་རོགས་དངུལ་གནང་མཁན་རྣམས་ཀྱིས་ཧང་སང་བའི་རྣམ་འགྱུར་སྟོན་ཡོད། དངོས་གནས་དཔེ་ཡག་པོ་རེད། བོད་པ་ཟེར་བ་ཡ་རབས་བཟང་སྤྱོད་ཡོད་ཅེས་༸གོང་ས་མཆོག་གིས་བཀའ་སློབ་གནང་བ་ནང་བཞིན་དངོས་སུ་གྲུབ་འབྲས་ཐོབ་བྱུང་དེར་སྔགས་བརྗོད་གནང་དང་ཆབས་གཅིག བུན་གཡར་ལས་གཞི་དེ་ཉིད་མུ་མཐུད་སྤེལ་དགོས་ཀྱི་ཡོད་པར་བརྟེན། ཕྱིས་སུ་སྲོལ་རྒྱུན་གྱི་རྟ་དྲེལ་དོ་སྐྱེལ་བ་ཆེད་དུ་ཡིན། རྟ་དྲེལ་དོ་སྐྱེལ་བ་རྣམས་ལ་མཐུན་རྐྱེན་སྦྱོར་གནང་རྒྱུ་དང་། ལམ་ཟུར་དུ་ཙག་ཙིག་ཚོང་ལས་གཉེར་མཁན་ཚོར་ལས་གཞི་དང་།

དེ་བཞིན་གཞིས་ཆགས་ཁག་གི་ནང་འགྲུལ་སྐྱེལ་གླ་འཁོར་གཏོང་མཁན་རྣམས་ལ་མཐུན་རྐྱེན་སྦྱོར་བའི་ལས་གཞི་སྤེལ་ཡོད། ཕྱོགས་མཚུངས་ལས་གཞི་རྣམས་དུས་ཐོག་ལམ་ལྷོངས་བྱུང་བཞིན་འདུག དེ་སྔོན་དགུན་ཚོང་བུན་གཡར་ལས་གཞི་སྤེལ་ཡོད། ད་ལན་དབྱར་ཚོང་བུན་གཡར་ལས་གཞི་ཞིག་འགོ་འཛུགས་གནང་རྒྱུ་རེད། འདི་ལོར་དབྱར་ཚོང་གནང་མཁན་ས་གནས་ཁག་༡༣ནང་ཡོད་པའི་བོད་མི་ཚོང་པ་གྲངས་༦༠༠ཙམ་ལ་ཧིན་སྒོར་ས་ཡ་༡༢༠དབྱར་ཚོང་རོགས་སྐྱོར་ལས་གཞི་གསར་པ་ཞིག་ཕྱི་ཟླ་༢ནས་འགོ་འཛུགས་རྒྱུ་རེད། ཕྱི་ཟླ་༧།༨ནང་མཚམས་གཞག་ནས་དངུལ་དེ་དག་ཕྱིར་སློག་བྱེད་དགོས། གཡར་དངུལ་སྐྱེད་ཀ་དེ་སུད་ཚོང་བུན་གཡར་ལས་གཞི་ལྟར་བྱས་ནས་བརྒྱ་ཆ་༣ བྱས་ན་འགྲོ་བཞིན་ཡོད། རྒྱ་གར་དངུལ་ཁང་ནས་བུད་ལོན་ལེན་སྐབས་སྐྱེད་ཀ་བརྒྱ་ཆ་བརྒྱད་དང་༡༢་བྱས་ནས་གཡར་གྱི་ཡོད། འགའ་རེས་ཟླ་རེར་བརྒྱ་ཆ་གཉིས་རེ་བྱས་ནས་ལོ་གཅིག་ལ་བརྒྱ་ཆ་༢༤ལེན་ནས་འགྲོ་བཞིན་ཡོད།

བོད་མིའི་སྒྲིག་འཛུགས་ནས་བརྒྱ་ཆ་༣ལེན་པ་ཡིན་ན་འབུམ་༢ལ་དབྱར་ཀའི་རིང་ཚོང་བརྒྱག་སྐབས་འབུམ་གཅིག་ལ་སྐྱེད་ཀ་སྟོང་ཕྲག་དྲུག་ལས་སློག་མི་དགོས། དེར་བརྟེན། རང་ཉིད་སྒེར་ལ་དཀའ་ངལ་མེད་པའི་ཐོག་ནས་གཞུང་གི་དངུལ་བེད་སྤྱོད་གཏོང་ནས་ཚོང་རྒྱག་ཆོག དེའི་རེ་བ་ནི་རང་ཉིད་ཕྲུག་གུ་དེ་ཚོ་སློབ་གྲྭ་གཏོང་ནས་མཐུན་རྐྱེན་སྦྱོར་རྒྱུ་དང་། སོ་སོའི་འཕྲོད་བསྟེན་ཆེད་དུ། གཞན་ཡང་རང་ཉིད་ཕ་མ་ཚོར་དྲིན་ལེན་གསོ་ཆེད་སོགས་ལ་ཐུགས་ཕན་གསོ་ཆེད་དུ་ལས་གཞི་འདི་སྤེལ་བ་ཞིག་རེད་བཅས་དང་། དམིགས་ཡུལ་གཙོ་བོ་གཅིག་ནི། རྒྱ་གར་ནང་ཞུགས་འདོད་ཡོད་མཁན་དང་ཚོང་རྒྱག་འདོད་ཡོད་མཁན་ཚོའི་ཆེད་དུ་མཐུན་རྐྱེན་སྦྱོར་རྒྱུར་དཔེ་གལ་ཆེན་པོ་རེད། གཞིས་ཆགས་སྲ་བརྟེན་ཡོང་བར་མི་དགོས་རེད། མི་ཡོང་བར་འཚོ་གནས་རྟེན་པའི་ཚོང་རྒྱག་པ་དགོས་པ་རེད། ཚོང་རྒྱག་པ་ལ་མ་རྩ་དགོས་རེད། དེར་བརྟེན་ང་ཚོའི་ལས་གཞིའི་དམིགས་ཡུལ་དེ་ཡང་རྒྱ་གར་བཞུགས་མཁན་ཚོར་ཐོན་རྐྱེན་བསྐྲུན་ཆེད་དུ་རེད། ཅེས་གསུངས་སོང་།

དེའི་རྗེས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ལགས་ནས་ངོ་སྤྲོད་གནང་དོན། ན་ནིང་ལོར་འཚོ་རྟེན་རོགས་སྐྱོར་ལས་གཞི་དེའི་ནང་། ཁྱིམ་མཚེས་རེར་འབུམ་གཅིག་གཡར་ཡོད་པ་དང་ད་ལོར་བརྒྱ་ཆ་༩༦ཚུར་སློག་ཚར་སོང་། སྤྱི་ཟླ་གཉིས་པའི་ཟླ་མཇུག་མ་གཏོགས་སློག་མི་དགོས་རུང་། ད་ལྟར་བརྒྱ་ཆ་བཞི་མ་གཏོགས་སློག་ཚར་སོང་། དེ་ཚོ་མགྱོགས་པོ་སློག་ཡོང་བའི་རེ་བ་ཡོད། ལས་གཞི་དེའི་ནང་མཉམ་ཞུགས་བྱེད་མཁན་ཚང་མ་ལ་ཐུགས་རྗེ་ཞུ་ཡི་ཡོད། དེ་འདྲ་སློག་ཡོང་དུས། ང་ཚོས་དེ་རིང་ལས་གཞི་གཉིས་པ་དེ་ནས་གསུམ་པ་ཞེས་འགོ་བཙུགས་ཐུབ་ཀྱི་རེད། བུན་ལོན་ཚུར་སློག་དགོས་རྒྱུ་དེ་གལ་ཆེན་པོ་ཆགས་འདུག་ཅེས་ཞུ་ཡི་ཡོད། ཁོང་གིས་མུ་མཐུད་ནས་གསུས་དོན། ཚོང་ཙ་ཙིག་རྒྱག་མཁན་མང་ཆེ་བ་བུད་མེད་རེདའདུག དེ་ནི་བུད་མེད་ནུས་སྟོབས་འཕེལ་བ་ཞིག་མཚོན་གྱི་འདུག་བཅས་དང་། སྤྱི་ཡོངས་ནས་ཚོང་རྒྱག་མཁན་བརྒྱ་ཆ་༥༥་སྐྱེས་པ་ཆགས་ཡོད་པ་དང་། བརྒྱ་ཆ་༤༥་བུད་མེད་ཆགས་བསྡད་འདུག ཅེས་བརྗོད་སོང་།