19
Fri, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཚོགས་དུས་མཐའ་མའི་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ང་ཚོ་བོད་པའི་ལས་དོན་འདི་དག་མ་འོངས་པར་མི་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་གནང་ཐུབ་དགོས་པ་དེ་གཙོ་བོ་འགན་འཁྱེར་གྱི་འབྲེལ་ཡོད་བཀའ་བློན་རྣམ་པ་དང་། འཛིན་སྐྱོང་གི་ལས་དོན་ཚགས་ཚུད་པོ་ཡོང་ཐབས་ལ་མཐུན་རྐྱེན་ནི་ལས་བྱེད་རྣམས་ཀྱིས་ལྷག་བསམ་དང་ལས་འགན་བཞེས་ཕྱོགས་འདི་ཆགས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་བྱེད་རྣམ་པས་ལས་འཆར་གང་ཡིན་ཡང་དོན་ལ་སྨིན་པ་ལྟ་བུ་ཡོང་ཐུབ་རྒྱུའི་གཙོ་བོ་འབྲེལ་ཡོད་བཀའ་བློན་རྣམ་པ་རེད། དེ་ཚོ་ལའང་ཕྱར་གྲུ་མཉམ་འདེགས་ཐོག་ནས་ཕྱག་ལས་གནང་དགོས་འདུག་ཅེས་གསུངས་སོང་།

དེ་ཡང་༢༠༡༨ལོའི་ཟླ་༩ཚེས་༢༨ཉིན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་༢༠༡༨ལོའི་ ཟླ་ ༩ ཚེས་ ༡༨ ནས་དབུ་འཛུགས་ཀྱིས་ཟླ་༩་ཚེས་༢༨་ཉིན་རྒྱལ་ཁའི་ངང་ནས་གྲུབ་ཡོད་ཅིང་། ཚོགས་དུས་མཐའ་མའི་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་སྡོམ་གཏམ་བཤད་གནང་དོན། ད་རེས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་མཐའ་མ་དེ་ཆགས་བསྡད་ཡོད་པ་རེད། ཐོག་མར་ཚོགས་གཙོས་དབུ་འབྱེད་གཏམ་བཤད་ནང་ཞུས་པ་གཞིར་བཟུང་གྲོས་ཚོགས་ཀྱི་ལས་རིམ་རྣམས་དོན་ཕན་ལྡན་པ་དང་ཚགས་ཚུད་པོ་ཞིག་བསྐྱང་ཐུབ་སོང་བསམ་པ་བྱུང་། ཅེས་གསུང་སོང་།

ཁོང་གིས་བོད་མ་འོངས་པའི་གནས་དོན་ཐོག་ལ་ཚགས་ཚུད་ཡོང་བར་བཀའ་ཤག་དང་ལས་བྱེད་རྣམས་ལ་ཐུག་ཡོད་སྐོར་གསུང་དོན། དེ་འདྲ་ཡིན་སྟབས་ང་རང་ཚོ་ཉིན་བཅུའི་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་༢༠༡༧་དང་༢༠༡༨ ལོའི་ལས་བསྡོམས་རྒྱས་པ་སྤྱི་འཐུས་རྒྱུན་ལས་ཀྱི་ཞིབ་འཇུག་བྱས་པའི་སྙན་ཐོ་དང་། དེ་བཞིན་འབྲེལ་ཡོད་ལྷན་ཁང་ཁྱབ་ཁོངས་དང་བཅས་པའི་ལས་དོན་སྙིང་བསྡུས། དཔལ་ལྡན་བཀའ་བློན་རྣམ་པས་སྙན་སྒྲོན་ཞུས་པའི་ཐོག་ནས། བཀུར་འོས་སྤྱི་འཐུས་རྣམ་པས་དོགས་འདྲི་ཞུ་རྒྱུ་དང་། དགོངས་ཚུལ་གསུང་རྒྱུ། གཞན་ཡང་དཔལ་ལྡན་བཀའ་བློན་རྣམ་པས་དེའི་ཐོག་གསལ་བཤད་དང་ལན་འདེབས་གནང་བའི་ཐོག་ནས། ད་ལྟའི་འཛིན་སྐྱོང་གི་ལས་དོན་གནང་བཞིན་པ་དང་། མ་འོངས་འཛིན་སྐྱོང་གི་ལས་དོན་བྱ་འཆར་བཅས་ལ་ཐུགས་ཕན་ཆེན་པོ་སོས་པའི་རེ་བ་ལྟ་བུ་བྱུང་ཞེས་ཞུ་རྒྱུ་ཡིན། རྩ་བའི་ང་ཚོ་ཆོས་དང་རིག་གཞུང་རེད། གཞིས་ཆགས་དང་མི་འབོར་གྱི་གནས་སྟངས་རེད། དཔལ་འབྱོར་ལས་དོན་གྱི་གནས་སྟངས་རེད། དེ་བཞིན་ཤེས་རིག་གི་ཐོག་ནས་ང་ཚོའི་ན་གཞོན་དེ་དག་འདབ་གཤོག་ཟུང་ལྡན་བཟོ་ཐུབ་པ་དགོས་རྒྱུ། གཙོ་ཆེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་མཛད་འཕྲིན། སྤྱི་ཚོགས་བདེ་འཇགས་ཡོང་ཐུབ་རྒྱུ་དང་། གཞན་ཡང་བོད་དོན་དྲིལ་བསྒྲགས་གནང་ཐབས་གནང་རྒྱུ་དང་། བོད་དོན་ལ་རྒྱབ་སྐྱོར་ཐོབ་ཐབས། ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་འཕྲོད་བསྟེན་གནས་སྟངས་ཐོག་ལ་གང་ལ་གང་འཚམས་ཡར་རྒྱས་འགྲོ་ཡི་ཡོད་པ་དང་། མ་འོངས་པར་ཚགས་ཚུད་ཡོང་རྒྱུར་ང་ཚོ་བོད་པའི་དཔེ་ལྟར། མི་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་གནང་ཐུབ་དགོས་པ་དེ་གཙོ་བོ་འགན་འཁྱེར་གྱི་འབྲེལ་ཡོད་བཀའ་བློན་རྣམ་པ་རེད། འཛིན་སྐྱོང་གི་ལས་དོན་ཚགས་ཚུད་པོ་ཡོང་ཐབས་ལ་མཐུན་རྐྱེན་ནི་ལས་བྱེད་རྣམས་ཀྱིས་ལྷག་བསམ་དང་ལས་འགན་བཞེས་ཕྱོགས་འདི་ཆགས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་བྱེད་རྣམ་པས་ལས་འཆར་གང་ཡིན་ཡང་དོན་ལ་སྨིན་པ་ལྟ་བུ་ཡོང་ཐུབ་རྒྱུའི་གཙོ་བོ་འབྲེལ་ཡོད་བཀའ་བློན་རྣམ་པ་རེད། དེ་ཚོ་ལའང་ཕྱར་གྲུ་མཉམ་འདེགས་ཐོག་ནས་ཕྱག་ལས་གནང་དགོས་འདུག་ཅེས་དང་།

ཁོང་གིས་ཐེངས་འདིའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ནང་གིས་གྲོས་ཆོད་གྲོས་འཆར་གང་བཞག་ཐུབ་ཡོད་མེད་སྐོར་གསུང་དོན། དེ་རིང་གྲོས་ཚོགས་ནང་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་གསུམ་དང་། སྐར་རྟགས་ཅན་གྱི་དྲི་བ་གཉིས། དེ་བཞིན་གྲོས་ཆོད་གལ་ཆེ་བ་གཅིག་སྟེ་བོད་ནང་ཛ་དྲག་གི་གནས་སྟངས་ཐོག་ལ་གདུང་སེམས་མཉམ་སྐྱེའི་གྲོས་འཆར་བཅས་རེད། དེའི་ཐོག་ལ་བཀུར་འོས་སྤྱི་འཐུས་མང་པོ་ཞིག་གིས་ཆ་ཤས་བཞེས་གནང་བ་དང་། གཞན་ཡང་འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་ཆ་ཤས་བཞེས་གནང་བ་གྲོས་ཆོད་དོན་ཚན་ལྔ་བཞག་ཐུབ་པ་བྱུང་སོང་། དེའི་ཐོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཤེས་ཐུབ་རྒྱུ་དང་། རྒྱ་ནག་གཞུང་གིས་བོད་ཐོག་ལ་ད་ལྟ་འཛིན་བཞིན་པའི་སྲིད་བྱུས་ཀྱི་གནས་སྟངས་ཤེས་ཐུབ་རྒྱུ། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དོན་རྒྱབ་སྐྱོར་གནས་ཚད་ཤུགས་ཆེ་ཆུང་ཇི་ཙམ་ཡོད་མེད་དེའང་ཆ་ཚང་བ་ཞིག་ཤེས་ཐུབ་རྒྱུ། འབྱུང་འགྱུར་མུ་མཐུད་ནས་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་ཐབས་བྱུས་འདོན་དགོས་རྒྱུའི་གྲོས་ཆོད་གལ་ཆེ་བ་ཞིག་ཆགས་བསྡད་ཡོད། དེའི་ཐོག་ལ་བགྲོ་གླེང་དང་བསམ་ཚུལ་སྤུངས་ཐུབ་པ་སོགས་ཧ་ལས་པ་ཡག་པོ་བྱུང་སོང་།

གཞན་ཡང་ཁོང་གིས་ཨ་རི་ནང་ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་མཐུན་ཚོགས་ཆུང་གི་ཐོག་ནས་ཕན་ཚུན་འགྲོ་བསྐྱོད་ཆོག་པའི་ཁྲིམས་ཡིག་ Reciprocal Access to Tibet Act ཞེས་པའི་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབ་ཞུས་ཐུབ་པ་ཐོག་ལ་གསུང་དོན། སྤྱི་འཐུས་ལྷན་ཚོགས་ཀྱིས་ཉེ་ཆར་མང་གཙོའི་དུས་ཆེན་སྐབས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་བསྔགས་བརྗོད་ཞུས་ཡོད། ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་མཐུན་ཚོགས་ཆུང་གི་ཐོག་ནས་ཕན་ཚུན་འགྲོ་བསྐྱོད་ཆོག་པའི་ཁྲིམས་ཡིག་ Reciprocal Access to Tibet Act ཞེས་པའི་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབ་ཞུས་ཐུབ་པ་དང་། དེ་རིང་གྲོས་ཚོགས་འཚོགས་བཞིན་པའི་སྐབས་སུ་ཨ་རིའི་གྲོས་ཚོགས་འོག་མའི་ནང་ནས་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་པ་དེ་ལ་དེ་རིང་གྲོས་ཚོགས་ནང་ནས་གང་འཚམ་ཞིག་གླེང་སློང་བྱུང་སོང་། དེའི་ཐོག་ལ་ཕྱག་ལས་གནང་མཁན་གཙོ་བོ་ལྕམ་སྐུ་ནེན་སི་པི་ལོ་སི་ Nancy Pelosi མཆོག་དང་། སྐུ་ཞབས་ཇིམ་མེག་གོ་ཝན Jim McGovern མཆོག དེ་བཞིན་གྲོས་འཆར་འདོན་མཁན་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་དེ་རིང་གོ་སྐབས་བཟང་པོ་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་གཅིག་དང་། དེའི་ཐོག་ལ་ཕྱག་ལས་གནང་མཁན་གཙོ་བོ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པ་དང་། འབྲེལ་ཡོད་དོན་གཅོད། དེ་བཞིན་འབྲེལ་ཡོད་བོད་མི་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་ཕྱག་ལས་གནང་ཡོད་སྟབས་འབྲེལ་ཡོད་ཚང་མར་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ཅེས་གསུང་སོང་།

ཁོང་གིས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་གསུང་དོན། དེ་རིང་ལས་རིམ་གལ་ཆེ་བ་གཅིག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཆགས་བསྡད་ཡོད། རྩ་བའི་འཛིན་སྐྱོང་བཀའ་ཤག་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་འོས་ཐེངས་གཅིག་གི་འདེམས་ཐོན་ཁྲིམས་འཆར་བསྣམས་ཕེབས་པ་རེད། དེའི་ཐོག་ལ་དགེ་མཚན་དང་། གནས་སྟངས་མང་པོ་ཞིག་གི་ཐོག་ནས་བཀུར་འོས་སྤྱི་འཐུས་རྣམ་པ་དང་འཛིན་སྐྱོང་བཀའ་ཤག་ནས་དགོངས་ཚུལ་མང་པོ་ཞིག་སྤུངས་ཐུབ་པ་དེ་ཡག་པོ་བྱུང་སོང་བསམ་གྱི་ཡོད། མ་འོངས་པར་དགོངས་པ་བཞེས་རྒྱུའི་ས་བོན་ལྟ་བུ་ཆགས་ཐུབ་པ་རེད། རྩ་བའི་ང་ཚོའི་དངོས་སུ་ལག་བསྟར་བརྒྱུད་རིམ་ནང་བཙན་བྱོལ་བོད་མིའི་གནས་སྟངས་དེ་རང་དབང་ཡོད་པའི་རྒྱལ་ཁབ་ཞིག་དང་ཕྱོགས་ཐམས་ཅད་ནས་བསྡུར་ཐུབ་རྒྱུ་མེད་པའི་གནས་སྟངས་ཤིག་ཆགས་ཡོད།

གྲོས་ཚོགས་ཚོགས་ཐུན་དང་པོའི་སྐབས་བཀའ་སྤྱི་གཉིས་དང་འོས་བསྡུའི་འགན་འཛིན་ཡོད་པའི་ཐོག་ནས་ཚོགས་ཆུང་བཙུགས་ཐུབ་ཡོད། ཚོགས་ཆུང་དེའི་ཐོག་ནས་༢༠༡༦ ལོར་བརྒྱུད་རིམ་ལ་དཀའ་ངལ་ཇི་ལྟར་འཕྲད་མིན་གྱི་སྐོར་དང་། མང་ཚོགས་ཀྱི་བསམ་ཚུལ་གཞི་ལ་བཞག་པའི་ཐོག་ནས་ཚོགས་ཆུང་གི་སྙན་ཐོ་དང་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཟིན་བྲིས་གནང་ཐུབ་པ་དང་། གྲོས་ཚོགས་ཚོགས་ཐུན་དྲུག་པ་དེའི་ཐོག་དངོས་སུ་དོན་ཚན་རེ་རེ་བཞིན་བགྲོ་གླེང་དང་བཟོ་བཅོས་ཁྲིམས་འཆར་གཏན་འབེབ་བྱུང་ཐུབ་པ་དེ་གྲོས་ཚོགས་ཀྱི་ལས་འགན་གལ་ཆེན་པོ་ཞིག་བསྒྲུབས་ཐུབ་པ་བྱུང་སོང་བསམ་བཞིན་ཡོད། མ་འོངས་པར་ལོ་བཅུ་ཕྲག་འགའ་ཤས་ནང་ཚུན་ལ་འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་བྱེད་མི་དགོས་པའི་གནས་སྟངས་ལྟ་བུ་ཆགས་སོང་། དེ་བཞིན་ཆེ་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་གྲོས་ཚོགས་འདི་བརྒྱུད་ནས་མང་མོས་འདེམས་ཐོན་ཞུས་ཐུབ་པ་དང་། བཅའ་ཁྲིམས་གྱི་དོན་ཚན་འགའ་ཤས་ནང་བསྐྱར་བཅོས་གནང་ཐུབ་ཡོད། གོང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུངས་པ་བཞིན་ཐོག་མར་བཀའ་ཤག་གི་གསལ་བཤད་ཕེབས་འཆར་གྱི་ལས་རིམ་ཡོད། ཕྱིས་སུ་བཀའ་ཤག་གི་གསལ་བཤད་མི་དགོས་པ་ཕྱིར་འཐེན་གནང་བ་གཅིག་དང་། དེ་བཞིན་སྤྱི་འཐུས་རྣམ་པར་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཐུབ་པའི་ཐོག་མའི་འཆར་གཞི་ཡོད། ཡིན་ནའང་གྲོས་ཚོགས་ཀྱི་ལས་རིམ་མང་བའི་རྐྱེན་གྱིས་བཞུགས་མོལ་ཚོགས་འདུ་ཚོགས་མ་ཐུབ་པའི་སྐོར་སྙན་སེང་ཙམ་ཞུ་རྒྱུ་ཡིན། གྲོས་ཚོགས་ནང་ལས་རིམ་རྣམས་ལ་ཆ་ཤས་བཞེས་པའི་སྐབས་སུ་འཛིན་སྐྱོང་བཀའ་ཤག་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་བཀའ་བློན་རྣམ་པས་འགན་འཁུར་ཆེན་པོ་བཞེས་སྟེ་ལན་འདེབས་དང་གསལ་བཤད། བགྲོ་གླེང་གི་ཆ་ཤས་བཞེས་གནང་བ་དང་། དེ་བཞིན་བཀུར་འོས་གྲོས་ཚོགས་འཐུས་མི་རྣམས་ནས་ཀྱང་དོགས་འདྲི་དང་དགོངས་ཚུལ། བགྲོ་གླེང་བཅས་ཀྱི་ཆ་ཤས་བཞེས་པའི་ཐོག་ནས་གྲོས་ཚོགས་ལས་རིམ་ཐམས་ཅད་གང་ལེགས་ངང་ནས་ཐོག་མར་ཚོགས་གཙོ་སྦྲེལ་པོས་བང་སྒྲིག་པ་ལྟར་འགྲོ་ཐུབ་པ་བྱུང་སོང་། དཔལ་ལྡན་སྲིད་སྐྱོང་མཆོག་དང་བཀའ་བློན་རྣམ་པ། དེ་བཞིན་བཀུར་འོས་སྤྱི་འཐུས་རྣམས་ལ་ཚོགས་གཙོས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་གྲོས་ཚོགས་རྒྱལ་ཁའི་ངང་ནས་གྲོལ་ཡོད་པ་རེད།