18
Thu, Apr

སྤྱིའི་ནོར་༧གོང་ས་ཆེན་པོ་མཆོག་དང་ཀངྒར་རྫོང་དཔོན་ལས་ཁུངས་ཀྱི་སྤྱི་ཁྱབ་ཉེན་རྟོག་པ་རྣམ་གཉིས་མཇལ་འཕྲད་སྐབས། པར། བོད་གཞུང་དྲ་རྒྱ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ལོ་རྒྱུས་ཀྱི་གནས་བབ་དེའི་ཐོག་ནས་ལྟ་སྐབས་རྒྱ་གར་འཕགས་ཡུལ་འདི་ནི་ཕྱི་དངོས་པོ་དཔལ་འབྱོར་ལོངས་སྤྱོད་ཁོ་ན་དོན་གཉེར་གཙོ་འདོན་བྱེད་མཁན་ཞིག་མིན། ངོས་ཀྱིས་བསམ་པར་དེང་རབས་ཅན་གྱི་རྒྱ་གར་ཡུལ་འདིས་རང་གི་ཕ་མེས་ནས་དར་བའི་གནའ་རབས་ལེགས་བཤད་ལ་དོ་སྣང་མ་བྱས་པ་དང་། ནང་གཤིས་རྒྱུད་དང་འབྲེལ་བའི་ཡིད་བློར་ཞི་བདེ་ཇི་ལྟར་སྐྲུན་དགོས་པ་མ་ཤེས་སྟབས་གཞོན་སྐྱེས་དེ་དག་གིས་གཙོ་བོ་དབང་ཤེས་ལ་བརྟེན་པའི་ཚོར་བ་བདེ་བ་ཁོ་ན་དོན་དུ་གཉེར་ཆེད་བཟི་སྨན་སོགས་མྱོས་རྫས་ལ་བརྟེན་བཞིན་ཡོད། ཆང་རག་དང་མྱོས་རྫས་དེ་དག་ལུས་པོའི་འཕྲོད་བསྟེན་ལའང་ཧ་ཅང་གནོད་བཞིན་ཡོད་ཅེས་བཀའ་སྩལ།

དེ་ཡང་༢༠༡༨ ཟླ་ ༨ ཚེས་ ༢༢་ཉིན། ཀངྒར་རྫོང་དཔོན་ལས་ཁུངས་ཀྱི་སྤྱི་ཁྱབ་ཉེན་རྟོག་པ་མཆོག་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ཆེད་མངགས་བཅར་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་སྤྱི་ཁྱབ་ཉེན་རྟོག་པས་ཐེངས་འདིར་ཧི་མཱ་ཅལ་མངའ་སྡེའི་ནང་གི་གཞོན་སྐྱེས་ཚོར་མྱོས་རྫས་ལང་ཤོར་འགོག་ཐབས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པར་བརྟེན། མགོན་པོ་གང་ཉིད་མཆོག་ལ་དེ་འབྲེལ་གཞོན་སྐྱེས་ཚོར་ལམ་ནོར་ཟློག་ཤེས་ཀྱི་བཀའ་སློབ་སྤྱི་སྨན་གསོལ་འདེབས་ཞུས་པར་༧གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ལོ་རྒྱུས་ཐོག་རྒྱ་གར་ནི་ཆོས་ལྡན་གྱི་རྒྱལ་ཁབ་ཞིག་ལ་ངོས་ཀྱིས་ངོས་འཛིན་ཞུ་བཞིན་ཡོད། ཞི་གནས་དང་ལྷག་མཐོང་སོགས་བློ་སྦྱོང་གི་རྣམ་གཞག་དེ་དག་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་འདིར་མ་བྱོན་པའི་སྔོན་རོལ་ནས་ཡོད། རིག་གཞུང་དེ་དག་རྒྱ་གར་ནང་ལོ་ངོ་ ༣༠༠༠གོང་ནས་དར་སྲོལ་ཡོད་པ་ཞིག་ཡིན། ལོ་རྒྱུས་ཀྱི་གནས་བབ་དེའི་ཐོག་ནས་ལྟ་སྐབས་རྒྱ་གར་འཕགས་ཡུལ་འདི་ནི་ཕྱི་དངོས་པོ་དཔལ་འབྱོར་ལོངས་སྤྱོད་ཁོ་ན་དོན་གཉེར་གཙོ་འདོན་བྱེད་མཁན་ཞིག་མིན། ངོས་ཀྱིས་བསམ་པར་དེང་རབས་ཅན་གྱི་རྒྱ་གར་ཡུལ་འདིས་རང་གི་ཕ་མེས་ནས་དར་བའི་གནའ་རབས་ལེགས་བཤད་ལ་དོ་སྣང་མ་བྱས་པ་དང་། ནང་གཤིས་རྒྱུད་དང་འབྲེལ་བའི་ཡིད་བློར་ཞི་བདེ་ཇི་ལྟར་སྐྲུན་དགོས་པ་མ་ཤེས་སྟབས་གཞོན་སྐྱེས་དེ་དག་གིས་གཙོ་བོ་དབང་ཤེས་ལ་བརྟེན་པའི་ཚོར་བ་བདེ་བ་ཁོ་ན་དོན་དུ་གཉེར་ཆེད་བཟི་སྨན་སོགས་མྱོས་རྫས་ལ་བརྟེན་བཞིན་ཡོད། ཆང་རག་དང་མྱོས་རྫས་དེ་དག་ལུས་པོའི་འཕྲོད་བསྟེན་ལའང་ཧ་ཅང་གནོད་བཞིན་ཡོད་ཅེས་དང་།

སློབ་གྲྭའི་ནང་དུ་དགེ་རྒན་ཚོས་ཕྲུ་གུའི་ཡིད་བློ་དང་འབྲེལ་ནས་ཞི་བདེ་གོང་འཕེལ་ཇི་ལྟར་གཏོང་དགོས་མིན་གྱི་ཐབས་ལམ་ཐད་བསམ་བློ་ངེས་པར་གཏོང་དགོས། ཆོས་ལུགས་ལ་མ་བརྟེན་པར་ཚན་རིག་གི་ལམ་ནས་ཡིད་བློའི་བདེ་བ་གོང་མཐོར་གཏོང་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་འདུག རྟག་ཏུ་ཁོང་ཁྲོ་ལང་བའམ་འཇིགས་སྣང་བྱེད་ནས་བསྡད་པ་ཡིན་ན་ལུས་ཀྱི་ཟུངས་ཉམས་བཞིན་ཡོད། ང་ཚོས་ལུས་པོའི་འཕྲོད་བསྟེན་ཡག་པོ་ཡོང་ཆེད་དོ་སྣང་ཧ་ཅང་བྱེད་བཞིན་ཡོད། བསམ་བློའི་འཕྲོད་བསྟེན་ཡག་པོ་ཡོད་ཚེ་ལུས་པོའི་འཕྲོད་བསྟེན་ལའང་ཕན་ཐོགས་ཧ་ཅང་ཡོད། བསམ་བློ་བདེ་ཐང་ཡོང་རྒྱུའི་སྐད་ཆ་དེ་ཆོས་ཀྱི་སྐད་ཆ་ཞིག་མ་རེད། ལུས་པོ་བདེ་ཐང་ཡོད་ན་མི་ཚེ་བདེ་ཞིང་སྐྱིད་པ་ཞིག་ཡོང་རྒྱུ་དང་། དེ་བྱུང་ན་ཁྱིམ་ཚང་ཡང་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་བརྒྱུད་རྒྱལ་ཁབ་དང་འགྲོ་བ་མི་རིགས་སྤྱི་ཚོགས་ཁྱོན་དུ་བདེ་སྐྱིད་ཁྱབ་ཐུབ། དེ་ཡོང་བར་རྒྱ་གར་གྱིས་ཞབས་འདེགས་རླབས་ཆེན་པོ་ཞིག་སྒྲུབ་ཐུབ་རྒྱུ་རེད་མ་གཏོགས་གཞན་རྒྱལ་ཁབ་སུ་གཅིག་གིས་རྒྱ་གར་ནང་བཞིན་བྱེད་ཐུབ་རྒྱུ་ཁག་པོ་རེད། དེར་བརྟེན་སློབ་གྲྭའི་རྒན་ལགས་ཚོས་སློབ་ཕྲུག་ཚོར་ནང་གི་བསམ་བློ་ཡར་རྒྱས་གཏོང་ཕྱོགས་ཐད་འབད་བརྩོན་ཆེ་ཙམ་གནང་དགོས་འདུག་བསམ་པ་དྲན་བཞིན་འདུག དེ་ལྟར་བྱུང་བ་ཡིན་ན་རིམ་བཞིན་སློབ་ཕྲུག་ཚོས་ཆང་རག་དང་མྱོས་རྫས་སོགས་ལ་ལོངས་སུ་སྤྱོད་རྒྱུ་མཚམས་འཇོག་ཡོང་རྒྱུ་རེད། ཅེས་བཀའ་སློབ་སྩལ།

དེ་རྗེས་ཉེན་རྟོག་པའི་སྒྲིག་ཆས་ལ་ཐུགས་ཞིབ་མཛད་ནས་སྒྲིག་ཆས་དེ་ཡུ་རོབ་ནས་དཔེ་བླངས་ཤིང་རྒྱ་གར་གྱི་དེང་དུས་ཤེས་ཡོན་ལམ་ལུགས་སྲོལ་གཏོད་མཁན་ཨིན་ཇི་ཡིན་སྐོར་ཞལ་ཤོབ་དང་སྦྲགས་བཀའ་སློབ་སྩལ་དོན། ཨིན་ཇིས་རྒྱ་གར་ནང་དེང་དུས་ཤེས་ཡོན་ལམ་ལུགས་གསར་གཏོད་བྱས་པ་བརྒྱུད་རྒྱ་གར་བ་ཚོའི་བསམ་བློ་གཏོང་སྟངས་དེ་ནུབ་ཕྱོགས་པ་བཟོས་ཡོད། ད་ལྟའི་རྒྱ་གར་གྱི་ཤེས་ཡོན་ལམ་ལུགས་དེ་ཨིན་ཇིའི་དབང་འོག་ཏུ་ཡོད་སྐབས་གཏན་འབེབས་བྱས་ཡོད། ངོས་ཀྱི་བསམ་པར་སྐབས་དེར་རྒྱ་གར་གྱི་ལྟ་གྲུབ་སྨྲ་བ་དང་རིག་པ་སྨྲ་བ་ཚོས་རྒྱ་གར་སྲོལ་རྒྱུན་གྱི་རིག་གནས་དེ་དག་ཤེས་ཡོན་ལམ་ལུགས་ནང་འཇོག་ཐབས་ཆེད་འབད་བརྩོན་བྱེད་ཡོད་ཚེ་ཁྱད་པར་ཏན་ཏན་འགྲོ་རྒྱུ་རེད། ད་ཆ་ངོས་ཀྱིས་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པ་དང་འབྲེལ་བའི་སྲོལ་རྒྱུན་ལེགས་བཤད་དེ་དག་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་ཡོད། གང་ཡིན་བརྗོད་ན་དེང་སྐབས་འཛམ་གླིང་ནང་དུ་མིའི་བསམ་བློ་གཏོང་སྟངས་ཐོག་ནས་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད། རྒྱ་གར་རང་གི་ནང་ལོ་ངོ་ ༣༠༠༠ ཙམ་ནས་དར་བའི་ལེགས་བཤད་ཧ་ཅང་ཕྱུག་པོ་ཡོད་སྟབས། ལེགས་བཤད་དེ་དག་ད་ཆ་བསྐྱར་གསོ་བྱ་རྒྱུ་ཙམ་ལས་ཕྱི་ནས་ལེན་དགོས་པ་གང་ཡང་མེད། ནུབ་ཕྱོགས་པ་ཚོར་མཚོན་ན་ལེགས་བཤད་དེ་དག་རང་ལ་མེད་སྟབས་ཕྱི་ནས་མ་ལེན་ཐབས་མེད་ཆགས་ཡོད། ཅེས་བཀའ་སློབ་སྩལ། །