25
Thu, Apr

༢༠༡༨ལོའི་ཟླ༨ཚེས༡ཉིན། ༧གོང་ས་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་ལ་དྭགས་གླེ་བསོད་ནམས་ནོར་བུ་དྲན་རྟེན་སྨན་ཁང་དུ་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ༨ཚེས༢ཉིན། ༧གོང་ས་མཆོག་གིས་སྨན་ཞབས་ལས་ཀ་ནི་གཞན་ཕན་གྱི་བྱ་བ་རེད། བྱང་ཆུབ་སེམས་དཔའི་གཞན་དོན་སྒྲུབ་རྒྱུའི་ཆ་ཤས་ཤིག་སྨན་པ་བྱས་ནས་མི་ལ་རོགས་བྱེད་རྒྱུ་ནི་ཧ་ཅང་ཡག་པོ་རེད། སེམས་པ་བཟང་པོ་བྱོས། ནད་པར་ཕན་པ་སྒྲུབ་པའི་བསམ་པ་བཟང་པོ་བྱེད་དགོས་ཞེས་བཀའ་སློབ་རྩོལ་གནང་འདུག

དེ་ཡང་༢༠༡༨ ཟླ་ ༨ ཚེས་ ༡ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་ལ་དྭགས་གླེ་བསོད་ནམས་ནོར་བུ་དྲན་རྟེན་སྨན་ཁང་ཆེན་མོའི་སྨན་ཞབས་པ་རྣམས་ལ་དམིགས་བསལ་མཇལ་ཁ་དང་སྐུ་དཔར་ལྷན་བསྒྲོན་རྗེས་བཀའ་སློབ་སྩལ་དོན། ཁྱེད་རང་ཚོ་སྨན་ཞབས་པའི་ལས་ཀ་བྱེད་ཀྱི་ཡོད་པ་རེད། ལས་ཀ་འདི་གཞན་ཕན་གྱི་བྱ་བ་རེད། བྱང་ཆུབ་སེམས་དཔའི་གཞན་དོན་སྒྲུབ་རྒྱུའི་ཆ་ཤས་ཤིག་སྨན་པ་བྱས་ནས་མི་ལ་རོགས་བྱེད་རྒྱུ་ནི་ཧ་ཅང་ཡག་པོ་རེད། སེམས་པ་བཟང་པོ་བྱོས། ནད་པར་ཕན་པ་སྒྲུབ་པའི་བསམ་པ་བཟང་པོ་བྱེད་དགོས། མཁྱེན་སོང་ངམ།

སྨན་ཞབས་པ་བྱེད་པའི་རིང་ནད་པར་བརྩེ་བ་དང་གད་མོ་དགོད་ན་ཡག་པོ་ཡོད། ངོས་རང་སྨན་ཁང་ཆེན་པོ་དེ་འདྲར་ཐེངས་མང་པོ་སླེབས་ཡོད། སྨན་ཞབས་པ་གད་མོ་དགོད་མཁན་དེ་འདྲ་བྱུང་ན་སྐྱིད་པོ་འདུག སྨན་ཞབས་པ་འགའ་ཤས་རླུང་ལངས་པའི་བཟོ་འདྲ་བོ་དེ་འདྲ་འདུག ངོས་ལ་གང་བྱེད་གྲབས་ཡོད་དམ་སྙམ་པའི་དོགས་པ་ཟ་གི་འདུག དེར་བརྟེན་མི་ཟེར་མཁན་འདི་སྤྱོད་འཇུག་ནང་གསུང་པ་ལྟར་རེད། འཛུམ་གྱི་བསུ་བ་དང་འཛུམ་སྟོན་ནས་སྐད་ཆ་བག་ཕེབས་པོ་བཤད་པ་ཡིན་ན། མིའི་སེམས་སྐྱིད་པོ་ཡོང་གི་རེད། ཁྱེད་རང་ཚོའི་ལས་རིགས་གཞན་ཕན་གྱི་བྱ་བ་རེད། ཧ་ཅང་ཡག་པོ་རེད། རྗེས་སུ་ཡི་རངས་ཡོད།

དེ་ནས་སེམས་པ་འདི་སྤྱོད་འཇུག་ནང་གསུང་པ་ནང་བཞིན་སེམས་པ་བཟང་པོ་བྱེད་ཀྱི་ཡིན་ན། ཁྱེད་རང་ཚོའི་ལས་རིགས་འདི་བྱས་པ་དང་ཆབས་ཅིག་བསོད་ནམས་མང་པོ་བསག་གི་རེད། བསོད་ནམས་ཆེན་པོ་བསག་གི་རེད། ཚེ་འདི་ལ་ཡིན་ནའང་མི་ལུས་ཐོབ་ནས་གཞན་ཕན་བྱེད་རྒྱུ་བྱུང་བ་རེད། བསོད་ནམས་བསགས་པ་འདིས་ཚེ་རབས་ནས་ཚེ་རབས་གཞན་ཕན་བྱེད་ཐུབ་པ་ཞིག་ཏན་ཏན་ཡོང་གི་རེད། ངོས་ཀྱིས་སྨོན་ལམ་རྒྱག་གི་ཡིན། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་བཀའ་སློབ་སྩལ།།