19
Fri, Apr

༧གོང་ས་མཆོག་གིས་ལྡུམ་རར་གསུང་ཆོས་གནང་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཆོས་ཁས་ལེན་མིན་སུ་འདྲ་ཞིག་ཡིན་ཡང་སེམས་པ་བཟང་པོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཆོས་ལུགས་ཚང་མས་བསླབ་བྱ་དེ་ལྟར་སྐྱོན་བཞིན་ཡོད། དེར་བརྟེན་ཉི་མ་དེ་རིང་ནས་བཟུང་ངས་མི་སེམས་པ་བཟང་པོ་ཞིག་བྱ་རྒྱུ་ཡིན་བསམ་པའི་ཐོག་ནས་བྱུང་ན་དམ་བཅའ་གཞག དེ་ལྟར་མ་བྱུང་ནའང་སྙིང་སྟོབས་སྐྱེས་ནས་འཁྱུག་ཙམ་རིང་བསམ་བློ་གཏོང་རོགས་ཞེས་༧གོང་ས་མཆོག་གིས་ལྡུམ་རར་ཆོས་ཞུ་རྣམས་ལ་འབོད་སྐུལ་གནང་ཡོད་འདུག དེ་ཡང་ཟླ་འདིའི་ཕྱི་ཚེས་༡༣་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྡུམ་ར་གྲོང་གི་གསུང་ཆོས་ར་བའི་ནང་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་བློ་སྦྱོང་ཚིག་བརྒྱད་མ་དང་རྟེན་འབྲེལ་བསྟོད་པའི་ལྗགས་ལུང་སྩལ་བ་དང་།

སྔ་དྲོ་དེར་ཐོག་མར་དགེ་འདུན་པ་ཁག་གཅིག་གིས་མངོན་རྟོགས་རྒྱན་སྐབས་དང་པོ་སེམས་བསྐྱེད་སྐོར་རྟགས་གསལ་བཏང་། རྟགས་གསལ་གྲུབ་མཚམས་༸གོང་ས་མཆོག་༸ཞབས་སོར་འཁོད། སྐབས་དེར་དགའ་ལྡན་ཁྲི་ཟུར་རི་རྫོང་སྲས་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་ཁྲིག་རྩེ་རིན་པོ་ཆེ་མཆོག སོག་པའི་སྐུ་ཚབ་སེར་སྨད་ཚ་བ་འོད་ཟེར་སྤྲུལ་སྐུ་མཆོག ལ་དྭགས་ནང་པ་ཚོགས་པའི་ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས། ལྡུམ་ར་གྲོང་གི་མངའ་སྡེའི་གྲོས་ཚོགས་འཐུས་མི་བདེ་ལྡན་རྣམ་རྒྱལ་མཆོག ཉེ་འགྲམ་ཐུར་ཏུག་དང་བྷོག་དང་ས་གནས་ནས་ཁ་ཆེ་ཡུལ་མི། ལ་སྤྱི་སོགས་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་ཆོས་འབྲེལ་གྱི་ཐོག་མར་ཁྲིག་རྩེ་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་ཡང་བསྐྱར་ལྡུམ་རར་ཐེངས་གཅིག་སླེབ་པ་རེད། དེ་རིང་འདིར་མང་ཚོགས་ལ་ཆོས་འབྲེལ་བྱ་རྒྱུ་རེད། གྲ་སྒྲིག་སྔོན་སོང་ལྟར་ཆོས་འབྲེལ་དེ་བློ་སྦྱོང་ཚིག་བརྒྱད་མ་དང་རྟེན་འབྲེལ་བསྟོད་པའི་བཤད་ལུང་གི་རྒྱུན་ཡོད་སྟབས་ཆོས་འབྲེལ་མདོར་ཙམ་བྱ་རྒྱུ་ཡིན།

སྔ་ལོ་རྡོ་རྗེ་གདན་དུ་བོད་ནས་ཆོས་འབྲེལ་ཞུ་མཁན་མང་པོ་ཞིག་བསླེབས་པ་རེད། བོད་ནང་དམ་བསྒྲགས་ཡོད་པར་བརྟེན་ཕྱིས་སུ་དུས་འཁོར་དབང་ཆེན་སོགས་ཆོས་འབྲེལ་མང་པོ་ཡོད་པ་དེ་དག་ཞུ་རྒྱུར་སྒུག་ལོང་མེད་མཁན་ཚོའི་ཆེད་དུ་ངོས་ཀྱིས་སེམས་བསྐྱེད་ཅིག་བཏོན་པ་ཡིན། སེམས་བསྐྱེད་དེའང་བྱང་ཆུབ་མཆོག་ཏུ་སེམས་སྐྱེ་རྒྱུ་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་ནས་དོན་དམ་བྱང་ཆུབ་ཀྱི་སེམས། དབང་ནོད་སྐབས་ཐམས་ཅད་རྣལ་འབྱོར་གྱི་སེམས་ནང་བཞིན་ངོས་ཀྱིས་རྡོ་རྗེ་གདན་དུ་བཏོན་པ་ཡིན། དེ་རིང་འདིར་བཤད་ལུང་གྲུབ་རྗེས་ངོས་ཀྱིས་སེམས་བསྐྱེད་འདོན་རྒྱུ་ཡིན། ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ནང་བཞིན་རེད། དེ་འདྲའི་སེམས་བསྐྱེད་ཅིག་འདོན་ན་དྲན་བྱུང་། ངོས་ཀྱིས་ཉམས་ལེན་བྱ་རྒྱུ་དེའང་ཀུན་རྫོབ་བྱང་ཆུབ་དང་དོན་དམ་བྱང་ཆུབ་ཀྱི་སེམས་དེ་གཙོ་བོ་ཉམས་ལེན་བྱེད་བཞིན་ཡོད། དེ་རིང་འདིར་ཡང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་རྒྱུ་དང་། སྟོང་ཉིད་ཀྱི་ལྟ་བ་སྒོམ་ནས་དོན་དམ་བྱང་ཆུབ་སེམས་ངོ་མ་ཆགས་རྒྱུ་མིན་ཡང་ས་བོན་ཞིག་ཆགས་རྒྱུ་རེད། ཆོས་འབྲེལ་འགྲོ་སྟངས་འདི་ལྟར་ཡིན། ཞེས་བཀའ་སློབ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་གཙོ་བོ་ལས་བྱམས་པ་དང་བརྩེ་བ་གཙོ་བོར་གྱུར་བའི་འགྲོ་བ་མིའི་བཟང་པོའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་སྐོར་བཀའ་སློབ་སྩལ། དེ་རྗེས་སེམས་བསྐྱེད་འདོན་གནང་མཛད་སྐབས་བཀའ་སློབ་སྩལ་དོན།

ཆོས་ཁས་ལེན་མིན་སུ་འདྲ་ཞིག་ཡིན་ཡང་སེམས་པ་བཟང་པོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཆོས་ལུགས་ཚང་མས་བསླབ་བྱ་དེ་ལྟར་སྐྱོན་བཞིན་ཡོད། དེར་བརྟེན་ཉི་མ་དེ་རིང་ནས་བཟུང་ངས་མི་སེམས་པ་བཟང་པོ་ཞིག་བྱ་རྒྱུ་ཡིན་བསམ་པའི་ཐོག་ནས་བྱུང་ན་དམ་བཅའ་གཞག དེ་ལྟར་མ་བྱུང་ནའང་སྙིང་སྟོབས་སྐྱེས་ནས་འཁྱུག་ཙམ་རིང་བསམ་བློ་གཏོང་རོགས། མི་བསམ་པ་ངན་པ་ཞིག་ཡོད་ན་མི་ཚོས་ཁོ་བསམ་པ་ངན་པ་ཡོད་པ་རེད། གཟབ་དགོས་ཞེས་ཏོག་ཙམ་ཞེད་སྣང་བྱ་རྒྱུ་རེད། དངོས་གནས་བྱས་ན་གྱོང་རག་བཞིན་ཡོད། ཞེས་སོགས་བཀའ་སློབ་སྩལ། ཆོས་འབྲེལ་གྲུབ་རྗེས་ཤེས་རབ་དར་རྒྱས་ཀྱིས་བརྩམས་པའི་ལ་དྭགས་བ་ཀུ་ལ་ཐུབ་བསྟན་མཆོག་ནོར་དཔལ་བཟང་པོའི་མཛད་རྣམ། ཞེས་པའི་དཔེ་དེབ་དབུ་འབྱེད་མཛད། དེ་རྗེས་གསུང་རའི་ནང་ཆོས་ཞུར་བཅར་བའི་སྐྱེ་བོ་མཆོག་དམན་ཀུན་ལ་བྱམས་བརྩེའི་འཛུམ་གདངས་ཀྱིས་བསུ་བཞིན་པའི་ངང་གསུང་རའི་ནང་གི་༸རྒྱལ་བའི་ཕོ་བྲང་དུ་ཉིན་གུང་ལྗགས་སྨིན་རྒྱས་བཞེས་མཛད།

དེ་རྗེས་སླར་ཡང་གསུང་རར་༸ཞབས་སོར་བཀའ་དྲིན་བསྐྱངས་ནས་ཐུར་ཏུག་(Turtuk)དང་བྷོག་ (Bogdang)དང་། ནུབ་ར་(Nubra)བཅས་ཀྱི་ཁ་ཆེའི་ཆོས་པ་ཚོར་བཀའ་སློབ་སྩལ་དོན། སྐབས་ཤིག་ཏ་ཇི་ཀི་སི་ཐན་(Tajikistan) གྱི་ཕྱི་དྲིལ་བློན་ཆེན་ཟུར་པ་མཁས་དབང་ཞིག་ཡོད་པ་ཁོང་ཉིན་གཅིག་ངོས་རང་ཐུག་ཏུ་སླེབས་བྱུང་། ཁོང་གིས་ངོས་ལ་པར་རིས་གཅིག་བསྟན་བྱུང་། རྫ་ཁོག་གི་པར་རེད། རྫ་ཁོག་དེར་མ་ཎི་ཡིག་དྲུག་བཀོད་འདུག དེ་བཞིན་གནའ་ཤུལ་རྙེད་སོན་བྱུང་བའི་ཁྲོད་སྤུར་སྒམ་ཞིག་གི་ཐོག་མ་ཎི་ཡིག་དྲུག་བཀོད་པ་ཞིག་འདུག་ཅེས་སྐབས་དེར་བརྗོད་བྱུང་། དེར་བརྟེན་གནའ་དུས་ཁུལ་དེ་བོད་དང་འབྲེལ་བ་ཡོད་པ་གསལ་པོ་རེད། ཁོང་ཚོས་བོད་ལ་སྐབས་དེར་ཐུ་བྷོ། (Thubot)ཞེས་འབོད་སྲོལ་ཡོད་འདུག དེང་སྐབས་སུའང་ཆབ་སྲིད་ཐོག་ནས་རྒྱལ་ཁབ་མི་འདྲ་ཡང་བོད་དང་སེམས་ཐག་ཉེ་པོ་ཡོད་པ་དངོས་ཡོད་རེད། ངོས་རང་སྐྱེས་ཡུལ་ལ་མཚོན་ནའང་ཁ་ཆེའི་གྲོང་ཡོད། དེ་རྗེས་ངོས་རང་ལྷ་སར་འབྱོར་སྐབས་ལྷ་སར་ཁ་ཆེའི་སྐྱིད་སྡུག་ཡོད་པ་ཁོང་ཚོ་དུས་རབས་བཞི་ཙམ་རིང་ནས་ལྷ་སར་གནས་སྡོད་བྱེད་བཞིན་ཡོད། ཐོག་མར་དུས་རབས་ ༡༧ ༸རྒྱལ་མཆོག་༸སྐུ་ཕྲེང་ལྔ་པའི་སྐབས་ཁ་ཆེ་ཚོར་ལྷ་ཁང་བཞེངས་ཆེད་ས་ཆ་གསོལ་སྩལ་མཛད་ཡོད། དེར་བརྟེན་བོད་མི་ཚོ་དང་ཁ་ཆེའི་དབར་འབྲེལ་བ་ཧ་ཅང་ཡག་པོ་ཡོད། དེ་རྗེས་རིམ་བཞིན་བོད་གཞུང་རིམ་པའི་སྐབས་ལོ་གསར་སོགས་གཞུང་འབྲེལ་མཛད་སྒོ་ནམ་འཚོགས་སྐབས་ཁ་ཆེའི་སྐུ་ཚབ་རྟག་ཏུ་ཕེབས་སྲོལ་ཡོད།

ངོས་སྒེར་ལ་མཚོན་ན་ངོས་རང་ཆུང་དུས་སྐབས་ནས་ཁ་ཆེ་དང་འབྲེལ་བ་ཧ་ཅང་ཉེ་པོ་ཡོད། ཤྲི་ན་སྒར་ནང་བོད་མི་ཁ་ཆེའི་གཞིས་ཆགས་ཡོད། ངོས་རང་ཐེངས་གཉིས་གསུམ་ཕྱིན་པ་རེད། ངོས་རང་ལྷ་སར་ཆུང་དུས་སྐབས་ཁ་ཆེ་གུ་ལམ་ར་སུལ་(Gulam Rasool) ཞེས་པ་ཆུ་ཚོད་བཟོ་མཁན་ཞིག་ཡོད། ཐེངས་ཤིག་ངོས་ཀྱིས་ཁོང་འབོད་ནས་ངོས་ཀྱི་ཨམ་ཕྲག་ཆུ་ཚོད་བཟོ་རྒྱུར་མངགས་པ་ཡིན། ཁོས་ངོས་ལ་ཨམ་ཕྲག་ནང་ཆུ་ཚོད་ཉར་མཁན་མི་དེས་དུས་རྟག་ཏུ་ཨམ་ཕྲག་ནང་སྒོ་ང་ཉར་ཡོད་བསམས་ནས་ཡིད་གཟབ་བྱེད་དགོས་པ་བརྗོད་བྱུང་། ཞེས་སོགས་བཀའ་སློབ་སྩལ་བ་མ་ཟད། ལྷ་སའི་ནང་ཡོད་པའི་ཁ་ཆེ་རྣམས་ཧ་ཅང་ཞི་འདུལ་བག་ཡོད་རེད། ཁ་ཆེ་ཚོས་རྒྱག་རེས་རྒྱག་པའི་སྐོར་རྩ་བ་ནས་གོ་རྒྱུ་མེད། ཤྲི་ན་གར་བོད་མི་ཁ་ཆེའི་ཁྲོད་མང་པོ་ཞིག་གིས་དབུས་སྐད་གཙང་མ་རྒྱག་པ་མ་ཟད། བུ་ཕྲུག་ཚོས་ཀྱང་དབུས་སྐད་གཙང་མ་རྒྱག་བཞིན་འདུག བོད་ཡིག་ཟུར་དུ་སློབ་རྒྱུའི་སློབ་གྲྭ་ལྟ་བུ་མེད།

འོན་ཀྱང་ཕྲུ་གུ་ཚོས་བོད་སྐད་ཧ་ཅང་ཡག་པོ་རྒྱག་བཞིན་ཡོད་སྟབས་ཉིན་གཅིག་ངོས་ཀྱིས་ཁོང་ཚོར་བོད་སྐད་དེ་འདྲ་ཡག་པོ་ཇི་ལྟར་ཤེས་སོང་ངམ་ཞེས་འདྲི་སྐབས་ནང་དུ་ནང་མི་རྣམས་ཀྱིས་སྐད་ཆ་ཤོད་སྐབས་དུས་རྟག་ཏུ་བོད་སྐད་རྒྱག་བཞིན་ཡོད་པ་བརྗོད་བྱུང་། ཐེངས་ཤིག་ཤྲི་ན་གར་བོད་མི་ཁ་ཆེ་ཞིག་རྡ་སར་ངོས་སར་སླེབས་བྱུང་། ཁོང་གིས་བོད་སྐད་ཧ་ཅང་ཡག་པོ་བརྒྱབ་པ་མ་ཟད། རིན་པོ་ཆེ་ད་ང་ཚོ་ལྷ་སར་ཕྱིར་སློག་ནམ་ཐུབ་རྒྱུ་རེད། ཅེས་བརྗོད་བྱུང་། བོད་མིའི་སྒྲིག་འཛུགས་དང་ངོས་རང་ལ་མཚོན་ན་ཁ་ཆེའི་སྤྱི་ཚོགས་དང་འབྲེལ་བ་ཧ་ཅང་ཡག་པོ་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་མཐར་ལྡུམ་ར་ས་ཁུལ་ནང་གི་ནང་པ་དང་ཁ་ཆེའི་དབར་མཐུན་འབྲེལ་ཧ་ཅང་ཡག་པོ་ཡོད་པར་བསྔགས་བརྗོད་རྒྱ་ཆེ་མཛད་པ་དང་སྦྲགས་ཧ་ཅང་གལ་ཆེ་ཡིན་སྐོར་དང་། ཐེངས་འདིར་སླེར་བཞུགས་བཞག་མཛད་སྐབས་སུ་ཁ་ཆེ་མཇལ་བཅར་བ་ཚོར་རྒྱ་གར་གནའ་རབས་སྲོལ་རྒྱུན་ནས་དར་བའི་ཆོས་ལུགས་མཐུན་སྒྲིལ་ཧ་ཅང་ཡག་པོ་ཡོད་པ་དེ་དག་མུ་མཐུད་གནས་བཞིན་ཡོད་སྟབས་ཆོས་ལུགས་མཐུན་སྒྲིལ་དེ་འཛམ་གླིང་སྤྱི་ལ་ཁྱབ་བརྡལ་གཏོང་ཐུབ་པ་ཞིག་དགོས་སྐོར་བཀའ་སློབ་སྩལ་བ་ཐུགས་དྲན་གསོ་མཛད། བཀའ་སློབ་གྲུབ་བསྟུན་ལྡུམ་ར་གྲོང་དུ་ཆགས་པའི་ཁ་ཆེའི་ལྷ་ཁང་(Sunni Jama Masjid) དུ་ཐོག་མར་གནས་གཟིགས་མཛད།

དེ་རྗེས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་གསོལ་ཇ་དང་བཞེས་ཏོག་སོགས་འདེགས་འབུལ་ཞུས་ནས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུའི་སྣེ་ལེན་གྱ་ནོམ་པ་ཞུས། སྐབས་དེར་༸གོང་ས་མཆོག་གིས་ཁ་ཆེ་ཕོ་མོ་རྒན་གཞོན་རྣམས་ལ་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་བ་མ་ཟད། ཡུ་རོབ་སྤྱི་མཐུན་སྒྲིག་འཛུགས་ལ་བསྔགས་བརྗོད་མཛད་པ་དང་སྦྲགས། རྒྱ་གར་ནང་གི་ཆོས་ལུགས་མཐུན་སྒྲིལ་གྱི་ལམ་སྲོལ་ཡོད་པ་དེ་རྒྱ་གར་ནང་ཙམ་མིན་པར་རིམ་བཞིན་རྒྱ་གར་གྱི་ཕྱི་ལ་ཁྱབ་ཐུབ་པ་ཞིག་གནང་དགོས་པ་དང་། ༸གོང་ས་མཆོག་གིས་རྒྱལ་ས་ལྡི་ལི་ལྟ་བུ་ཞིག་ལ་རྒྱལ་སྤྱིའི་ཁ་ཆེའི་ཚོགས་ཆེན་(International Muslim Conference)ལྟ་བུ་ཞིག་འཚོགས་ཐུབ་ན་ཧ་ཅང་ཕན་ཐོགས་ཡོང་རྒྱུ་དང་། དེ་ལྟར་ཡོང་བར་ཐོག་མར་རྒྱ་གར་རྒྱལ་ཡོངས་ཁ་ཆེའི་ལྷན་ཚོགས་(Indian Muslim Conference)ལྟ་བུ་ཞིག་འཚོགས་ཐུབ་ཚེ་དགེ་མཚན་ཧ་ཅང་ཡོད་པ་དེ་སྔ་རྒྱལ་ས་སླེ་རུ་བཀའ་སློབ་དེ་ལྟར་སྩལ་བ་ཐུགས་དྲན་གསོ་མཛད་པ་དང་། ཁ་ཆེའི་རྒྱལ་སྤྱིའི་ལྷན་ཚོགས་ལྟ་བུ་ཞིག་འཚོགས་ཐུབ་པ་ཡིན་ན་ཐོག་མ་ཨབ་གྷ་ནི་སི་ཐན་གཙོ་བོར་གྱུར་བའི་ཁ་ཆེའི་ལུང་པ་མང་པོ་ཞིག་ལ་ཞི་བདེ་སྐྲུན་རྒྱུར་ཕན་ཐོགས་ཏན་ཏན་ཡོང་རྒྱུ་ཡིན་པ་དགོངས་བཞེས་མཛད་བཞིན་ཡོད་སྐོར་བཀའ་སློབ་བསྩལ་གནང་ཡོད་འདུག