24
ཕུར་བུ།, ཟླ་དགུ་པ།

༧གོང་ས་མཆོག་གཙུག་ལག་ཁང་དུ་ཞབས་སོར་འཁོད་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ལེགས་སྦྱར་གྱི་ཆོས་བརྒྱུད་ཚང་མའི་རྨང་གཞི་འདྲ་པོ་དེ་བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་ལམ་གྱི་ཐོག་ནས་ཡོང་བསྡད་ཀྱི་ཡོད་རེད་ཅེས་༧གོང་ས་མཆོག་གིས་བཀའ་བསྩལ་གནང་སོང་།


དེ་ཡང་ཟླ་འདིའི་ཕྱི་ཚེས་༦ ནས་ཉིན་༣ རིང་གི་སྔ་དྲོ་ཆུ་ཚོད་༩ པ་ནས་༡༡ དང་སྐར་མ་༣༠ བར་༧གོང་ས་མཆོག་གིས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་པའི་མཐོ་རིམ་སློབ་མ་དང་སློབ་ཕྲུག་གཙོས་པའི་གཞོན་སྐྱེས་རྣམས་ལ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་གསུང་ཆོས་དབུ་འཛུགས་གནང་བཞིན་ཡོད་པ་དང་། གསུང་ཆོས་གོ་སྒྲིག་ཞུ་མཁན་དྷ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་བོད་ཁྱིམ་སློབ་གྲྭ་གཉིས་ཡིན་པ་རེད་འདུག
ད་ཐེངས་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་འདིར་ཁྱོན་མི་གྲངས་༩༡༦༥ འཛོམས་ཡོད་པའི་ཁོངས་སུ། མཐོ་རིམ་སློབ་མ་དང་སློབ་ཕྲུག་༣༥༠༠ དང་། ཕྱི་རྒྱལ་ཡུལ་གྲུ་ཁག་༦༤ ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་དང་། དྷ་སའི་ཁུལ་གྱི་སེར་སྐྱ་མང་ཚོགས་བཅས་མི་གྲངས་༥༦༦༥ ཡོད་པ་མ་ཟད། དེའི་ཁོངས་སུ་རྒྱ་རིགས་མི་གྲངས་༡༥ དང་ཐའེ་ལན་ཌི་ནས་ཆེད་དུ་བཅར་བའི་དགེ་འདུན་པ་༢༠༠ འདུག

ཐོག་མར་༧གོང་ས་མཆོག་གི་སྐུ་མདུན་དུ་སློབ་མ་དང་། མི་སྐྱ་ཕོ་མོ། དགེ་འདུན་བཙུན་པ་བཙུན་མ། ཕྱི་རྒྱལ་བ་བཅས་ལས་གྲུབ་པའི་སྡེ་ཚན་ཤིག་གིས་རྟགས་གསལ་གཟིགས་འབུལ་ཞུས་རྗེས། ༧གོང་ས་མཆོག་གིས་སྔོན་འགྲོའི་གསུང་ཆོས་སྐབས་“འདས་པའི་ལོ་ངོ་ཁ་ཤས་རིང་ལ་གཙོ་བོ་སློབ་ཕྲུག་ཚོར་དམིགས་ཏེ། སློབ་གྲྭ་གཞན་དག་ལ་འགྲོ་མཁན་ཚོ་གུང་སེང་དང་བསྟུན་ནས་འདིར་སླེབས་བསྡད་ཀྱི་ཡོད་རེད། དེ་འདྲ་བྱས་ནས་ཆེད་དུ་དམིགས་པའི་་རེད། དེ་དང་ཆབས་ཅིག་དེ་རིང་འདིར་ཐའེ་ལན་ཌི་ནས་ཁྱེད་རང་ཚོ་དགེ་འདུན་པ་གང་འཚམས་ཞིག་ཕེབས་འདུག ད་ང་རང་ཚོ་ལོ་རྒྱུས་ཀྱི་ཐོག་ནས་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་གནས་ཝ་ར་ཎ་སིར་གསུང་ཡོད་རེད། དེ་ང་རང་ཚོ་པ་ལིའི་ཆོས་བརྒྱུད་དང་། ལེགས་སྦྱར་གྱི་ཆོས་བརྒྱུད་ཚང་མའི་རྨང་གཞི་འདྲ་པོ་དེ་བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་ལམ་གྱི་ཐོག་ནས་ཡོང་བསྡད་ཀྱི་ཡོད་རེད། དེ་ནས་ཆོས་འཁོར་གཉིས་པ་ཤེར་ཕྱིན་གྱི་མདོ་རྣམས་བྱ་རྒོད་ཕུང་རིར་གསུངས་རེད། དེ་ལེགས་སྦྱར་གྱི་གཞུང་གི་ཐོག་ཡོད་པ་ཞིག་རེད། དེར་བརྟེན་ལོ་རྒྱུས་ཀྱི་ཐོག་ནས་འཕགས་པ་གནས་བརྟན་པའི་སྡེ་པ། པ་ལིའི་ཆོས་བརྒྱུད་འཛིན་མཁན་རྣམ་པ་ཚོ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་བསླབ་པ་རྒན་པ་ཆགས་ཡོད་རེད། ཁྱེད་རང་ཚོ་ཚང་མར་གུས་འདུད་ཞུ་ཡི་ཡོད་”ཅེས་གསུངས་ནས་ཕྱག་གཉིས་ཐལ་མོ་སྦྱར་བཞིན་དབུ་ཅུང་ཙམ་དུད་དེ། བར་མཚམས་ཏོག་ཙམ་བཞག་རྗེས་མུ་མཐུད་གསུང་དོན་དུ་“འདུལ་བའི་ཉམས་ལེན་སྡེ་པ་ཐ་དད་ཡིན་དུས་ཁོ་རང་ཚོ་འཕགས་པ་གནས་བརྟན་པའི་སྡེས་སོ་སོར་ཐར་པའི་མདོའམ་པྲ་ཏི་མོཀྵ་དེ་པ་ལིའི་སྐད་ཐོག་གསུང་གི་ཡོད་རེད། བོད་གངས་ཅན་གྱི་ལྗོངས་ལ་པྲ་ཏི་མོཀྵའི་རྩ་བ་དེ་ལེགས་སྦྱར་དང་། དེའི་འགྲེལ་པ་གཙོ་བོ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་དེ་ལེགས་སྦྱར་གྱི་གཞུང་ནང་ཡོད་པ་ཞིག་རེད། སྡེ་པ་ཐ་དད་བྱས་ནས་ལྟུང་བའི་གྲངས་མང་ཉུང་ལ་ཕྲན་བུ་ཁྱད་པར་ཡོད་རེད། གང་ལྟར་གཙོ་ཆེ་ཤོས་ཕམ་པ་བཞི་དང་། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་བཅུ། ལྟུང་བྱེད་དགུ་བཅུ། པ་ལིའི་གཞུང་ནང་ལྟུང་བྱེད་དགུ་བཅུ་གོ་གཉིས་ཡིན་པ་ཡོད། སོར་བཤགས་བཞི། ཉེས་བྱས་ལ་ལེགས་སྦྱར་གྱི་གཞུང་ནང་ཉེས་བྱས་བརྒྱ་དང་བཅུ་གཉིས་བཤད་ཀྱི་ཡོད་རེད། པ་ལིའི་གཞུང་ནང་ཕལ་ཆེར་བདུན་བཅུ་དོན་ལྔ་ཙམ་ཡིན་པ་ཡོད། དེ་ཆུང་ཙག་ཐོག་ཞིབ་ཚགས་ལོད་ཀྱི་ཁྱད་པར་རེད་འདུག

དེ་བཞིན་༧གོང་ས་མཆོག་གིས་འཛམ་གླིང་ནང་ཆོས་ལུགས་མང་པོ་ཡོད་པའི་ཁྲོད་ནས་ཆོས་ལུགས་གཙོ་ཆེ་བ་ཚང་མ་མི་ལ་ཕན་པའི་བསླབ་བྱ་ཡོད་མཁན་ཤ་སྟག་ཡིན་པ་དང་། ཆོས་བརྒྱུད་རང་གི་ཐོག་ནས་བརྩིས་ན་ཆོས་ལུགས་ཚང་མས་བྱམས་བརྩེ་དགོས་པ་གསུང་གི་ཡོད་ཀྱང་ཆོས་བྱེད་མཁན་སོ་སོ་ཆགས་སྡང་གི་གཞན་དབང་དུ་སོང་ནས། ང་ཚོའི་ཆོས་ཞེས་འབྱུང་བཞིན་ཡོད་པ་ལས། རྩ་བའི་ཆོས་ལུགས་རང་གི་ཐོག་ནས་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་བརྩེའི་བསླབ་བྱ་གཙོ་བོར་གསུང་བ་དང་ཆབས་ཅིག བཟོད་པ་དང་། ཆོག་ཤེས། རང་ཁྲིམས་སྲུང་རྒྱུ་སོགས་གཅིག་པ་གསུང་གི་ཡོད་པ་དང་། འདས་པའི་ལོ་ངོ་༢༠༠༠ ལྷག་རིང་ལ་ཆོས་ལུགས་གཙོ་ཆེ་བ་དེ་དག་གིས་མི་ལ་ཕན་ཐོགས་བྱུང་ཡོད་པ་དང་། ད་ལྟ་ཡིན་ན་ཡང་ཆོས་བརྒྱུད་ཁག་དེ་དག་གི་རྗེས་སུ་འབྲང་མཁན་མི་ས་ཡ་མང་པོ་ཡོད་ཁར། འབྱུང་འགྱུར་མ་འོངས་པར་མི་ལ་ཕན་ཐོགས་མཁན་ཆགས་ཡོད་སྐོར། གཞན་ཡང་དངོས་པོ་ཡར་རྒྱས་འགྲོ་གཞིའི་སློབ་སྦྱོང་ཁོ་ནས་མི་འགྲིག་པར་མིའི་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེ་གོང་འཕེལ་གཏོང་བར་ཆ་རྐྱེན་སྐྲུན་རྒྱུ་གལ་ཆེ་སྐོར་དང་། སློབ་མ་རྣམས་སེམས་མ་སྐྱིད་པའི་སྐབས་སུ་སྤྱོད་འཇུག་གི་བཟོད་པའི་ལེའུར་བལྟ་དགོས་སྐོར་སོགས་ཀྱི་བླང་དོར་བཀའ་སློབ་ཟབ་རྒྱས་གསུང་རྗེས་དངོས་གཞིའི་གསུང་ཆོས་དབུ་འཛུགས་གནང་སོང་།

དཔེར་ན་པ་ལིའི་གཞུང་ནང་ལ་ཤམ་ཐབ་ཟླུམ་པོ་བགོ་བར་བྱའོ་ཞེས་ཕལ་ཆེར་ཚིག་གཅིག་རེད། ཤམ་ཐབ་ལ་བརྟེན་པའི་ཉེས་བྱས་གཅིག་རེད། ལེགས་སྦྱར་གྱི་གཞུང་ནང་། ཤམ་ཐབ་ལ་ནི་རྣམ་བདུན་དང་།། སྟོད་གཡོག་ལ་ཡང་རྣམ་གསུམ་དང་།། ཞེས་གསུངས་ནས་ཤམ་ཐབ་ལ་ཉེས་བྱས་བདུན་གསུངས་ཡོད་རེད།”ཅེས་སོགས་གསུངས་ཏེ་རྩ་བའི་ཆ་ནས་འདུལ་བའི་ཕྱག་བཞེས་ཐོག་གཅིག་པ་ཡིན་སྐོར་གསུངས་སོང་བ་མ་ཟད། འདུལ་བའི་ཉམས་ལེན་དེ་སངས་རྒྱས་པའི་ཡུལ་གྲུ་ཚང་མར་ཁྱབ་ཡོད་པ་དང་། དེ་གལ་ཆེན་པོ་ཡིན་པ། ཤེར་ཕྱིན་གྱི་གཞུང་རྣམས་ཡོངས་གྲགས་སུ་ཐེག་ཆེན་ཞེས་བཤད་བཞིན་པའི་ཡུལ་གྲུ་ཁག་ལ་ཁྱབ་ཡོད་སྐོར། པ་ལིའི་ཆོས་བརྒྱུད་འཛིན་མཁན་དང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་བར་ལ་འབྲེལ་བ་ཉུང་ཉུང་དང་འདང་ངེས་མེད་སྟབས། དེ་གཉིས་བར་གྱི་འབྲེལ་བ་ཤུགས་ཆེ་རུ་འགྲོ་དགོས་པ་ཞིག་ཡིན་སྐོར་དང་། པ་ལིའི་སྐད་སློབ་པ་སོགས་ཀྱི་སྒོ་ནས་དེའི་ཐོག་འབད་བརྩོན་གནང་བཞིན་ཡོད་སྐོར། རྒྱ་ནག་དང་སོག་པོ་སོགས་ཕ་མེས་ཀྱི་ཐོག་ནས་ནང་ཆོས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་དང་། དེང་གི་དུས་འདིར་ཕ་མེས་ཡང་མེས་ནས་ནང་ཆོས་དང་འབྲེལ་བ་མེད་ཀྱང་ནང་ཆོས་ལ་བསླབ་པ་སློབ་གཉེར་གནང་མཁན་ཇེ་མང་འགྲོ་བཞིན་པ་ལྟར་དེ་རིང་ཡང་འདིར་ཡོད་སྐོར་སོགས་གསུངས་གནང་སོང་།