19
Fri, Apr

གསོལ་རས་གནང་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

 ངོས་ཀྱི་ལུས་པོར་མཚོན་ནའང་བཙན་བྱོལ་དུ་འབྱོར་བ་ནས་བཟུང་རྒྱ་གར་གྱི་འབྲས་དང་སྲན་མ། བག་ལེབ་བཅས་ལ་བརྟེན་ནས་འཚོ་བ་ཞིག་ཡིན། རྒྱ་གར་ནི་ང་ཚོའི་དགེ་རྒན་དང་ང་ཚོ་རྒྱ་གར་གྱི་དགེ་ཕྲུག་རེད། ཅེས་བཀའ་སློབ་ཡང་ཡང་སྩལ་བཞིན་ཡོད་པ་མ་ཟད། ངོས་རང་རྒྱ་གར་གྱི་མགྲིན་ཚབ་པ་ཞིག་ཡིན། ཞེས་གསུང་གི་ཡོད། ཅེས་སྲིད་སྐྱོང་བློ་བཟང་སེང་གེས་གསུངས་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༤ཉིན་རྡ་ས་ཉེ་འཁྲིས་ཁཱན་ཡ་ར་ས་གནས་སུ་་ཡོད་པའི་(Devdar)གསོལ་མགྲོན་ཁང་དུ་རྒྱ་གར་རྒྱལ་ཡོངས་(samast Bharat)ཞེས་པའི་གསར་འཕྲིན་གྱི་གོ་སྒྲིག་འོག་སྤྱི་ཚོགས་བདེ་དོན་དང་ཡར་རྒྱས་སླད་རྒྱ་གར་ནང་ལས་རིགས་འདྲ་མིན་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་མི་གྲངས་ ༤༤ ཙམ་ལ་(Excellence Awards 2018) ཞེས་པའི་བྱ་དགའ་གསོལ་རས་གནང་རྒྱུའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སྐུ་མགྲོན་གཙོ་བོར་མགྲོན་འབོད་ཞུས་པ་ལྟར་ཆེད་ཕེབས་གནང་ཡོད།

དེ་བཞིན་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་། མོ་ཧི་ནི་དལ་ཇིཏ་སིངྒ་(Mohini Daljeet Singh,Chief Executive MAX INDIA FOUNDATION) ཨ་ནུ་པམ་གྷུཔ་ཏཱ་(Anupam Gupta,Gupta Builders And Promoters Private Limited)བཅས་ཀྱིས་སྣང་གསལ་ཞལ་ཕྱེ་གནང་སྟེ་མཛད་སྒོ་དབུ་འཛུགས་གནང་།

དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་མཛད་སྒོ་འདིའི་ཐོག་ཕྲན་རང་སྐུ་མགྲོན་གཙོ་བོར་མགྲོན་འབོད་ཞུས་པ་ལྟར་བཅར་ཐུབ་པ་ཧ་ཅང་དགའ་པོ་བྱུང་། བོད་ཀྱི་རྩ་དོན་ཆེད་རྒྱ་གར་གཞུང་མང་གཉིས་ནས་རོགས་སྐྱོར་གནང་བ་ལས་ལྷག་འཛམ་གླིང་རྒྱལ་ཁབ་གཞན་སུ་གང་གིས་གནང་མྱོང་མེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་རང་རྒྱ་གར་གྱི་བུ་ཡིན། ངོས་རང་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༦༠ ཕྱིན་བཞིན་ཡོད་པ་དང་། རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་གི་ནང་པའི་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་བྱས་པ་དེས་ངོས་ཀྱི་བསམ་བློ་གཏོང་སྟངས་ལ་ཤུགས་རྐྱེན་ཧ་ཅང་ཐེབས་ཡོད། ངོས་ཀྱི་ལུས་པོར་མཚོན་ནའང་བཙན་བྱོལ་དུ་འབྱོར་བ་ནས་བཟུང་རྒྱ་གར་གྱི་འབྲས་དང་སྲན་མ། བག་ལེབ་བཅས་ལ་བརྟེན་ནས་འཚོ་བ་ཞིག་ཡིན། རྒྱ་གར་ནི་ང་ཚོའི་དགེ་རྒན་དང་ང་ཚོ་རྒྱ་གར་གྱི་དགེ་ཕྲུག་རེད། ཅེས་བཀའ་སློབ་ཡང་ཡང་སྩལ་བཞིན་ཡོད་པ་མ་ཟད། ངོས་རང་རྒྱ་གར་གྱི་མགྲིན་ཚབ་པ་ཞིག་ཡིན། ཞེས་གསུང་གི་ཡོད། འདས་པའི་ལོ་ངོ་ ༦༠ རིང་བཙན་བྱོལ་བོད་མི་རྣམས་ལ་མཚོན་ནའང་རྒྱ་གར་གཞུང་མང་གཉིས་ཀྱིས་ང་ཚོར་སྐུ་མགྲོན་ལྟ་བུར་བརྩིས་ཏེ་གཟིགས་སྐྱོང་གནང་དང་གནང་མུས་ཡིན་པས། རྒྱ་གར་གཞུང་མང་གཉིས་བོད་མི་རྣམས་ལ་བཀའ་དྲིན་ཧ་ཅང་ཆེན་པོ་ཡིན། ཞེས་དང་།

གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་དོན། གསར་འགྱུར་བརྒྱུད་ལམ་ནི་སྤྱི་ཚོགས་ནང་ཧ་ཅང་གལ་ཆེན་པོ་ཡིན། ཕྱི་ལོ་ ༢༠༡༧ ལོར་ཨ་རིའི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པ་(Freedom House)ཞེས་པས་ཕྱི་ལོ་ ༢༠༡༧ ལོའི་དྲ་རྒྱའི་རང་དབང་། ཞེས་པའི་སྙན་ཐོ་ཞིག་བཏོན་པ་ལྟར་ན། འཛམ་གླིང་ནང་ཆེས་དམ་བསྒྲགས་ཆེ་བའི་ལུང་པ་ཨང་དང་པོ་དེ་སི་རི་ཡ་(Syria)ཡིན་པ་དང་། ཨང་གཉིས་པ་བོད་ཡིན་པ་བཀོད་ཡོད།

རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་ལ་ཆབ་སྲིད་ཐོག་དྲག་གནོན་དང་། དཔལ་འབྱོར་གྱི་བཤུ་གཞོག ཁོར་ཡུག་གཏོར་བཤིག མི་རིགས་དབྱེ་འབྱེད་བྱས་དང་བྱེད་བཞིན་ཡོད། རྒྱལ་མཚམས་མེད་པའི་རྒྱལ་སྤྱིའི་རང་དབང་གསར་འགོད་པ་ཚོས་བརྗོད་པ་ལྟར་ན། བྱང་ཀོ་རི་ཡ་ལས་བོད་ནང་གསར་འགོད་པ་ཚོ་བསྐྱོད་རྒྱུར་དཀའ་ལས་ཁག་པ་ཡོད།

མཐའ་དོན་རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམས་གནང་དང་གནང་མུས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ཚོགས་བདེ་དོན་དང་ཡར་རྒྱས་སླད་རྒྱ་གར་ནང་ལས་རིགས་འདྲ་མིན་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་མི་གྲངས་ ༤༤ ཙམ་ལ་ Excellence Awards 2018 ཞེས་པའི་བྱ་དགའ་གསོལ་རས་གནང་ཡོད་འདུག