20
Sat, Apr

གསར་འགོད་གསལ་བསྒྲགས་གནང་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

དཔལ་འབྱོར་ལས་ཁུངས་ཀྱི་གོ་སྒྲིག་འོག་བཀའ་ཤག་ཚོགས་ཁང་དུ་དཔལ་འབྱོར་ལས་ཁུངས་ནས་བཙན་བྱོལ་བོད་མིའི་འཚོ་རྟེན་རོགས་སྐྱོར་ལས་གཞི་གཉིས་པར་དངུལ་འབོར་སྒོར་ས་ཡ་ ༢༡༠ གཏོང་རྒྱུ་ཐད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད།

དེ་ཡང་ཕྱི་ཚེས་༢༢་ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་། དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས། འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས། ཕྱི་ནང་གི་གསར་འགོད་པ་བཅས་ལྷན་འཛོམས་ཀྱི་ཐོག་མར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་བྱེད་དགའ་ལྡན་བདེ་སྐྱིད་ལགས་ཀྱིས་ལས་རིམ་ངོ་སྤྲོད་གནང་བསྟུན་འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་འདི་ཉིད་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྐོར་དང་། བཙན་བྱོལ་བོད་མིའི་འཚོ་རྟེན་ལས་གཞི་དང་པོ་དེ་ལེགས་གྲུབ་ཟིན་སྟབས་ད་ལྟ་ལས་གཞི་གཉིས་པ་ཆགས་ཀྱི་ཡོད་སྐོར། བརྒྱུད་རིམ་གཉིས་པ་དེ་དེ་རིང་ནས་འགོ་བཙུགས་གནང་རྒྱུ་ཡིན་པའི་གནས་སྟངས་ཐོག་ལས་གཞི་གཉིས་པ་དེ་འགོ་འཛུགས་ཐད་ཞིབ་འཇུག་དང་། ཁྲིམས་ཀྱི་ཆ་རྐྱེན། དེ་བཞིན་དཔལ་འབྱོར་གྱི་ཆ་རྐྱེན་གང་ཙམ་ཞིག་གཏན་འཁེལ་ཡོད་སྐོར་སོགས་ཀྱི་ངོ་སྤྲོད་མདོར་བསྡུས་ཤིག་གནང་། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། སྔ་ལོ་སུད་ཚོང་གི་རོགས་སྐྱོར་ལས་གཞིར་འབུམ་ ༩༠༠ ལྷག་ཙམ་ཕུལ་ཐུབ་ཡོད་པ་དང་བསྟུན་མ་དངུལ་བརྒྱ་ཆ་བརྒྱ་གཏན་འབེབས་དུས་ཚོད་ལས་སྔོན་དུ་ཕྱིར་སློག་ཐུབ་པར་ཨ་རིའི་ཐེབས་རྩ་ཧང་སང་བའི་རྣམ་འགྱུར་སྟོན་གྱི་འདུག གང་ཡིན་ཞེ་ན་འཛམ་གླིང་ནང་རོགས་སྐྱོར་གནང་སླད་ལས་གཞི་སྣ་མང་སྤེལ་བཞིན་ཡོད་ནའང་བརྒྱ་ཆ་བརྒྱ་དུས་ཐོག་གི་སྔོན་ལ་སློག་ཐུབ་པ་དེ་འདྲ་བྱུང་མེད་པ་དེར་བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་དང་བྱམས་སྙིང་རྗེ་སྟོན་གྱི་ཡོད། ཕྱོགས་མཚུངས་སུད་ཚོང་ལས་གཞི་དང་པོ་ལམ་ལྷོངས་བྱུང་ཐུབ་ཡོད། ཨ་རིའི་ཐེབས་རྩ་ནས་རོགས་དངུལ་བགོ་བགྲེམས་ཞུས་པའི་ནང་ཁེ་ཕན་རགས་ཐུབ་པ་བོད་མི་བརྒྱ་ཆ་ ༤༢ བྱུང་འདུག

དེ་སྔོན་ཞུས་ཟིན་པ་ལྟར་སུད་ཚོང་མཐུན་རྐྱེན་སྦྱོར་སླད་ཀྱི་ལས་གཞི་ལམ་ལྷོངས་བྱུང་ཚེ་ཕྱིས་སུ་རོགས་དངུལ་ལས་གཞིའི་དངུལ་འབོར་སྤར་རྒྱུ་ཡིན་ཞེས་བརྗོད་པ་བཞིན་ད་ལོའི་སུད་ཚོང་རོགས་སྐྱོར་ལས་གཞིའི་དངུལ་འབོར་ནི་འབུམ་ཆིག་སྟོང་སུམ་བརྒྱ་དང་སྔ་ལོ་རྩིས་ན་འབུམ་བཞི་རྒྱ་ཞིག་སྤར་ཡིན་འདུག ད་ལོའི་ལས་གཞི་གསར་པ་གཉིས་པ་ནི་གཞིས་ཆགས་ཁག་གི་ནང་འགྲུལ་སྐྱེལ་གླ་འཁོར་གཏོང་མཁན་བརྒྱ་ལ་འབུམ་དྲུག་རེ་མཐུན་རྐྱེན་སྦྱོར་རྒྱུ་དང་དུན་ཡུན་ལོ་གསུམ་རིང་ཡིན། སུད་ཚོང་བ་རྣམས་ནས་དུས་ཐོག་རོགས་དངུལ་ཕྱིར་སློག་ཐུབ་པ་ལྟར་ཁྱེད་རྣམས་ནས་ཀྱང་དེ་དེ་བཞིན་ཕྱིར་སློག་ཡོང་བ་ཡིད་ཆེས་ཡོད། ལས་གཞི་གསུམ་ནི། སྲོལ་རྒྱུན་གྱི་རྟ་དྲེལ་དོ་སྐྱེལ་བ་ཆེད་དུ་ཡིན། རྟ་དྲེལ་དོ་སྐྱེལ་བ་རྣམས་ལ་འབུམ་རེ་རེ་མཐུན་རྐྱེན་སྦྱོར་སྤྲོད་གནང་རྒྱུ་དང་། ལས་གཞི་བཞི་པ་ནི། ལམ་ཟུར་དུ་ཙག་ཙིག་ཚོང་ལས་གཉེར་མཁན་ཚོ་ཡིན། ལམ་ཟུར་ཙག་ཙིག་ཚོང་ལས་གཉེར་མཁན་ཟེར་དུས་ལམ་ཟུར་དུ་གཏན་འཇགས་ཚོང་ཁང་ཙག་ཙིག་ཡོད་པའི་རིགས་ལ་གོ་ཡི་མེད། དེ་བཞིན་ཚོང་ཁང་ལྟར་ཉལ་ཁྲི་དང་ཐོག་ཡོད་པའང་མིན། ལམ་ཟུར་ཙག་ཙིག་ཚོང་ལས་གཉེར་མཁན་ཞེས་པ་ནི་ཡུལ་སྐོར་སྤྲོ་འཆམ་པ་སླེབ་པའི་སྐབས་ལམ་ཁ་ཟུར་དུ་གདན་སྟེང་ཅ་ལག་བཀྲམ་སྟེ་ཚོང་རྒྱག་པ་དང་དགོང་དྲོར་ཅ་ལག་རྣམས་ནང་དུ་འཁྱེར་འགྲོ་བ་རྣམས་ལ་གོ་ཡི་ཡོད། བལ་ཡུལ་ནང་ཙག་ཙིག་ཚོང་ལས་གཉེར་མཁན་མང་པོ་ཡོད་པ་ལྟར་ས་གནས་སུ་ལས་གཞི་སྤེལ་དང་སྤེལ་བཞིན་པ་ཡོད། ཅེས་ལས་གཞི་གྲུབ་འབྲས་དང་ལས་གཞི་གསར་པ་ཁག་གི་སྐོར་གསལ་བསྒྲགས་གནང་ཡོད། དེ་ནས་དཔལ་འབྱོར་བཀའ་བློན་མཆོག་གིས་ལས་གཞི་ལག་བསྟར་གནང་ཕྱོགས་དང་དགོས་ངེས་ཆ་རྐྱེན་སོགས་ཀྱི་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་བ་སྦྲགས་དཔལ་འབྱོར་ལས་ཁུངས་ཀྱི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འབྲེལ་ཡོད་ལས་བྱེད་ལྔས་ལས་དོན་ཐོག་ཧུར་ཐག་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། སུད་ཚོང་སྐྱིད་སྡུག་ཚོགས་པའི་ཆོགས་གཙོས་དབུས་ས་གནས་ཚང་མས་ཕྱག་རོགས་གནང་བར་ཐུགས་རྗེ་ཆེ་ཞུས་ མཚམས་འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།

སྤྱིར་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༦ ཉིན་བཀའ་ཤག་ནས་བཙན་བྱོལ་བོད་མི་སུད་ཚོང་བའི་ཆེད་དུ་རོགས་སྐྱོར་གྱི་ལས་གཞི་སྤེལ་ཟིན་པ་དེ་ཚགས་ཚུད་གང་ལེགས་དང་། མ་དངུལ་བརྒྱ་ཆ་ ༡༠༠ ཐམ་པ་དུས་ཐོག་ཕྱིར་སློག་བྱུང་བར་བརྟེན་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ནས་འདི་ལོར་དངུལ་འབོར་ལྡབ་གཅིག་ལྷག་རྒྱས་བཅད་ཀྱིས་ལས་གཞི་གསར་པ་ཁག་གསུམ་ས་གནས་འགོ་འཛིན་བརྒྱུད་རིང་མིན་ལག་བསྟར་གནང་རྒྱུ་དང་། ལས་གཞི་གསར་པ་ཁག་ནི་བཙན་བྱོལ་སྤྱི་ཚོགས་ས་ཁུག་དང་འཚོ་རྟེན་ཞན་པ་ཚོའི་ཆེད་དུ་ཡིན། དེ་ཡང་གནམ་དུས་གཅིག་ལ་ལམ་ཟུར་ཙག་ཙིག་ཚོང་ལས་གཉེར་མཁན་དང་། སྲོལ་རྒྱུན་རྟ་དྲེལ་དོ་སྐྱེལ་བ། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ནང་འགྲུལ་སྐྱེལ་གླ་འཁོར་གཏོང་མཁན་ཚོའི་ཆེད་དུ་དམིགས་པ་ཡིན། བཙན་བྱོལ་བོད་མིའི་ཚོང་པའི་ཚོགས་པ་དང་། གོང་གསལ་བོད་མིའི་སྡེ་ཚོགས་ཁག་གི་ཚོགས་ཆུང་སོ་སོས་འདེམས་སྒྲུག་གིས་མི་གྲངས་ ༡༥༢༥ ཙམ་ལ་ཁེ་ཕན་དམའ་ཚད་དངུལ་འབོར་སྒོར་འབུམ་ ༡ ནས་མཐོ་ཚད་སྒོར་འབུམ་ ༦ བར་གཏོང་རྒྱུ་ཡིན་འདུག་པ་དང་། ལས་གཞི་འདིའི་ཕུགས་དམིགས་གཙོ་བོ་ནི། བཙན་བྱོལ་བོད་མིར་དགོས་ངེས་ནོར་སྲིད་ཀྱི་རྨང་གཞི་གསར་འཛུགས་དང་། རང་ཁ་རང་གསོ། སྤྱི་སྒེར་ཡོངས་ལ་དཔལ་འབྱོར་ཞབས་ཞུ་ཚད་ལྡན་སྤྲོད་རྒྱུར་དམིགས་པ་ཞིག་ཡིན་འདུག་པ་བཅས།