19
Fri, Apr

མཇལ་འཕྲད་གནང་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༥ ཉིན་འཇར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་སྐུ་ཁ་ལོའོ་ཌི་ཡ་རོཐ་(Claudia Roth)མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་འཇར་མན་གྲོས་ཚོགས་སུ་ཕེབས་བསུ་ཞུས་པ་ལྟར་དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་གནང་འདུག

སྐབས་དེར་སྲིད་སྐྱོང་མཆོག་གིས་འཚམས་འདྲི་ཞུས་པ་དང་སྦྲགས། ལྕམ་སྐུ་མཆོག་ནས་ད་བར་བོད་མི་དང་བོད་དོན་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་གསུང་པ་དང་བསྟུན་ལེགས་སྐྱེས་ཕྱག་རྟགས་ཤིག་དང་མཇར་དར་ཕུལ་འདུག ཚོགས་གཞོན་མཆོག་ནས་ཀྱང་ཐེངས་འདིར་སྲིད་སྐྱོང་མཆོག་འཇར་མན་ཡུལ་དུ་ཕེབས་པར་འཚམས་འདྲི་ཡོད་སྐོར་གསུང་འདུག སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་གཞོན་མཆོག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་གྲོགས་པོ་བློས་ཐུབ་ཞིག་ཡིན་པ་མ་ཟད། ལྕམ་སྐུ་མཆོག་ནས་འཇར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་ངོ་བོའི་ཐོག་ནས་སྲིད་སྐྱོང་མཆོག་གྲོས་ཚོགས་ནང་གཞུང་འབྲེལ་སྣེ་ལེན་གནང་བར་བསྔགས་བརྗོད་གནང་།

དེ་བཞིན་སྲིད་སྐྱོང་མཆོག་གིས་འཇར་མན་ཤར་ནུབ་དབར་དེ་སྔའི་གང་རོ་དེ་ད་ཆ་གཏོར་ནས་ཡུལ་གཉིས་གཅིག་གྱུར་ཐོག་རང་དབང་གི་དཔལ་ལ་ལོངས་སུ་སྤྱོད་བཞིན་པ་ལྟར་བོད་ནང་དུའང་དམ་བསྒྲགས་ཀྱི་གང་རོ་དེ་མྱུར་དུ་རྩབ་ཧྲལ་གཏང་ནས་བོད་མི་རྣམས་རང་དབང་གི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་རེ་བ་ཡོད་སྐོར་ཞུ་སྐབས་ཚོགས་གཞོན་མཆོག་ནས་མཐའ་གཅིག་ཏུ་མོས་མཐུན་གནང་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཁོར་ཡུག་ནི་ཨེ་ཤི་ཡའི་ཁྱོན་དུ་ཧ་ཅང་གལ་གནད་ཆེ་བ་དང་། ཨེ་ཤི་ཡའི་གཙང་ཆུ་ཆེ་ཁག་ཕལ་མོ་ཆེའི་ཆུ་མགོ་བོད་ནང་ཡོད་ཀྱང་ད་ཆ་རྒྱ་ནག་གཞུང་གིས་གཙང་ཆུ་དེ་དག་ཐོག་རང་སྣང་གང་དྲན་གྱིས་སྟངས་འཛིན་བྱས་ནས་ཆུ་མཛོད་ཚད་ལས་བརྒལ་བ་སོགས་བརྒྱབ་དང་རྒྱག་བཞིན་ཡོད་པ་མ་ཟད། བོད་ཀྱི་གཏེར་ཁ་གང་བྱུང་སྔོག་འདོན་བྱས་དང་བྱེད་མུས་ཡིན་ཞིང་། ལྷག་པར་ལྕགས་རིགས་གཏེར་དངོས་(lithium)་ཟེར་བ་བརྒྱ་ཆ་ ༧༥ བོད་ནས་སྔོག་འདོན་བྱེད་བཞིན་ཡོད་པ་དེ་དག་ལག་ཐོག་ཁ་པར་གྱི་གློག་རྫས་བཀོལ་སྤྱོད་བྱེད་བཞིན་ཡོད་སྟབས་རྒྱ་ནག་གི་ལག་ཐོག་ཁ་པར་རིན་གོང་ཁེ་པོ་ཆགས་པའི་རྒྱུ་མཚན་དེ་དག་ཡིན་སྐོར་གསུངས།