18
Thu, Apr

༸གོང་ས་མཆོག་ནས་བོད་མི་བགྲེས་སོང་རང་ལོ་དགུ་བཅུར་ཕེབས་པ་རྣམས་ལ་མཇལ་ཁ་གནང་བ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིསབཞུགས་སྒར་རྡ་སར་གནས་སྡོད་བོད་མི་དགུང་ལོ་ ༩༠ ཕེབས་པ་རྣམས་ལ་དམིགས་བསལ་མཇལ་ཁ་སྩལ་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་༢༠༡༨ལོའི་ཟླ་ ༢ ཚེས་ ༢༠ བོད་རབ་བྱུང་བཅུ་བདུན་པའི་ས་ཁྱི་ལོའི་ཧོར་ཟླ་དང་པོའི་ཚེས་ལྔ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་ས་ཁུལ་གནས་སྡོད་བོད་མི་དགུང་ལོ་ ༩༠ ཕེབས་པ་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། སྔོན་མ་ངོས་ཀྱི་ངོ་ཤེས་རྒྱ་གར་བ་ཞིག་གིས་ངོས་ལ་ཁོང་ལོ་ ༩༥ ཡིན། ལོ་ ༩༥ སོན་པའི་སྐྱིད་སྡུག་ཅིག་འཛུགས་ཀྱི་ཡིན་ཞེས་བརྗོད་བྱུང་། ཧ་ཅང་ཡག་པོ་རེད་བརྗོད་པ་ཡིན། སྐབས་དེར་ངོས་རང་ཕལ་ཆེར་ལོ་བདུན་ཅུ་དོན་གྲངས་རེད།

ངོས་རང་གཞོན་དྲགས་པ་རེད་ཅེས་དེ་དུས་བཤད་མྱོང་། ཁྱེད་རང་ཚོ་ ༩༥ ཟིན་པའི་སྐྱིད་སྡུག་ལྟ་བུ་ཆགས་ཀྱི་ཡོད་པ་རེད། གང་ལྟར་ཁྱེད་རང་ཚོས་བློ་བདེ་བོ་བྱོས་ཨང་།་སོ་སོའི་མི་ཚེ་ཆ་ཚང་བོད་སྤྱི་བའི་དོན་དུ་བཏང་བ་རེད། སངས་རྒྱས་པའི་ཆོས་དད་མ་བརྗེད་པ་བྱས་ཏེ་མི་ཚེ་བསྐྱལ་བ་རེད། ང་རང་ཚོས་སངས་རྒྱས་པའི་ཆོས་འཆད་དུས་ཚེ་གཅིག་གི་སྐད་ཆ་ཁོ་ན་མིན་པར་ཚེ་རབས་ནས་ཚེ་རབས་དང་སྐྱེ་བ་ནས་སྐྱེ་བ་ཡིན་པ་བཤད་ཀྱི་ཡོད་པ་རེད། དེ་བཞིན་ཁྱེད་རང་ཚོར་མཚོན་ན། ཚེ་འདིར་ངོས་དང་དམིགས་བསལ་འབྲེལ་བ་ཞིག་ཆགས་ཡོད་པ་རེད། ཚེ་རབས་ནས་ཚེ་རབས་འབྲེལ་བ་ཡོང་གི་རེད། བློ་བདེ་བོ་བྱས་ནས་སྡོད་ཨང་། མཁྱེན་སོང་ངམ།

སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའི་སྨོན་ལམ་འདི་འདོན་ན་འགྲུབ་ཀྱི་རེད། ཅེས་བཀའ་སློབ་སྩལ།།