20
Sat, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༡།༢༤ཉིན་སྤེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་རིགས་གཙོས་པའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་རྡོ་རྗེ་གཅོད་པ་དང་། ལྷ་མོ་དབྱངས་ཅན་མ་དཀར་མོའི་རྗེས་གནང་གི་ཆོས་འབྲེལ་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་འདུག

འདི་ཟླའི་ཕྱི་ཚེས་ ༢༣ ཉིན། རྒྱལ་བ་རིན་པོ་ཆེའི་དྲ་བར་ཆོས་འབྲེལ་མཇུག་གྲུབ་སྐབས་ཀྱི་བཀའ་སློབ་འཁོད་དོན།
འདིའི་གོང་ལ་པཱ་ལའི་སྐད་དང་ལེགས་སྦྱར་སྐད་ཀྱི་ཐོག་ནས་ཤེས་རབ་སྙིང་པོ་གསུངས་པ་དང་། ལེགས་སྦྱར་གྱི་ཆོས་རྒྱུད་འཛིན་མཁན་གྱི་ཡུལ་གྲུ་ཁག་འགའ་ཤས་ཀྱིས་རང་སྐད་ཀྱི་ཐོག་ནས་ཤེས་རབ་སྙིང་པོ་གསུངས་པ་སོགས་གྲུབ་པ་རེད། རྗེ་རིན་པོ་ཆེས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་རྒྱ་གར་ནས་ཕལ་ཆེར་ཨེ་ཤ་ཡའི་ཡུལ་གྲུ་ཚང་མར་ཁྱབ་པ་ལྟ་བུ་རེད། དེ་སྔ་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཨ་རུབ་ལྟ་བུ་ལ་སངས་རྒྱས་ཀྱི་ཆོས་དར་མ་མྱོང་བ་རེད། དུས་རབས་ ༢༡ ནང་དང་དུས་རབས་ ༢༠ ནང་རིམ་བཞིན་ཨེ་ཤ་ཡའི་ཆོས་བརྒྱུད་ཁག་དང་འབྲེལ་བ་ཏོམ་ཙམ་ཤུགས་ཆེ་རུ་ཕྱིན་པ་དང་། ལྷག་པར་དུ་དེ་ནས་ཚུར་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་མཁན་ཡིན་ནའང་འདྲ། དེ་ལྟ་བུས་རིམ་བཞིན་ཨེ་ཤ་ཡའི་ཆོས་བརྒྱུད་ཁག་ལ་དོ་སྣང་བྱས་ཏེ་ད་ལྟ་ཨ་རིའི་ལོ་སི་ཨན་ཇི་ལེ་སིའམ་སན་ཧྥུན་སུ་ཁོ་གང་རུང་ཞིག་ལ་སིག་གི་ལྷ་ཁང་ཞིག་དང་། རྒྱ་གར་ནས་ཡོང་བའི་སིག་གི་བླ་མ་ཞིག་ཡོད་པ་རེད། ཁོང་གི་མཉམ་དུ་སིག་གི་ཆོས་ལུགས་ཆ་ཚང་བསླབ་སྡོད་མཁན་དེ་ལྟ་བུའང་འདུག ཨེ་ཤ་ཡའི་རྒྱ་གར་གྱི་ཆོས་བརྒྱུད་ལ་དོ་སྣང་ཡོང་བཞིན་ཡོད་པ་རེད། དེ་བཞིན་སངས་རྒྱས་པའི་ཆོས་དང་ལྷག་པར་དུ་ནཱ་ལེནྡྲའི་ཆོས་བརྒྱུད། ནཱ་ལེནྡྲའི་ཆོས་བརྒྱུད་ནང་དུ་རིག་པའི་སྒྲུབ་བྱེད་བཙལ་ནས་འགྲེལ་བཤད་རྒྱག་རྒྱུ་གཙོར་འདོན་བྱེད་ཀྱི་ཡོད་པས་ལྟ་གྲུབ་དེ་ལྟ་བུ་ལ་དོ་སྣང་གསར་བ་ཞིག་སླེབས་ཀྱི་ཡོད་པ་རེད། ཚན་རིག་པའི་ནང་ནས་ཀྱང་སངས་རྒྱས་པའི་ལྟ་གྲུབ་ཀྱི་ཐོག་ལ་དོ་སྣང་ཡོང་མཁན་ཡོད་པ་རེད། དེ་ལྟ་བུའི་ཐོག་དེ་སྔ་སངས་རྒྱས་པའི་ཆོས་དར་མ་མྱོང་བའམ་སངས་རྒྱས་ཀྱི་བསྟན་པས་མ་ཁྱབ་པའི་ཡུལ་གྲུ་ལའང་དོ་སྣང་ཡོང་ཡོད་པས། དེ་རིང་ཉིན་མ་མཐའ་མ་འདིར་ངོས་ཀྱི་ཆོས་གྲོགས་རེད། ཁོ་རང་ཚོས་དབྱིན་སྐད་ཀྱི་ཐོག་ཏུ་ཤེས་རབ་སྙིང་པོ་འདོན་རྒྱུ་ཞིག་གྲ་སྒྲིག་བྱས་པ་ཡིན། གང་ལྟར་ལོ་རྒྱུས་ཀྱི་ཐོག་ནས་བཤད་པ་ཡིན་ན་ཁོང་ཚོ་སངས་རྒྱས་ཀྱི་ཆོས་ཉམས་ལེན་བྱེད་མཁན་གྱི་དགེ་ཕྲུག་གཞོན་ཤོས་དེ་ཆགས་ཡོད་པ་རེད། ཅེས་བཀའ་སློབ་སྩལ་རྗེས་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་ཕེབས་པའི་ནང་པའི་རྗེས་འཇུག་པ་ཁག་ཅིག་གིས་དབྱིན་སྐད་ཐོག་ཤེས་རབ་སྙིང་པོ་གསུངས་འདོན་གནང་བ་དང་།

ཡང་། ངོས་ནས་རྒྱུན་དུ་བརྗོད་བཞིན་པ་དེ་རེད། ཆོས་ལུགས་ཚང་མ་ལོ་རྒྱུས་ཡོད་པ་ཤ་སྟག་རེད། མི་ཚང་མར་ཕན་གྱི་ཡོད་པ་རེད། དེར་བརྟེན་ངེས་པར་དུ་བརྩི་བཀུར་དང་གུས་ཞབས་བྱེད་དགོས་པ་རེད། དད་པ་སོ་སོའི་ཆོས་ལ་བྱོས། གུས་པ་ཆོས་ལུགས་ཚང་མར་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དུ་ཆོས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་འཁྲུགས་པ་རྒྱག་པའི་དུས་ཚོད་ལ་ང་ཚོའི་ཆོས་པ་ཚོ་ཐུགས་མཐུན་ཁྲིམས་གཙང་བྱེད་རྒྱུ་གལ་ཆེན་པོ་རེད། ཐུགས་མཐུན་ཁྲིམས་གཙང་ཡག་པོ་ཞིག་ཡོང་བ་ལ་ཆོས་ལུགས་མི་འདྲ་བ་དེ་དག་ཤེས་དགོས། ཆོས་གཅིག་མ་གཏོགས་གོ་མྱོང་ཐོས་མྱོང་མེད་པར་ཕྱིན་པ་ཡིན་ན་བསམ་བློ་གུ་དོགས་པོ་ཆགས་པ་ཡོང་སྲིད་ཀྱི་ཡོད་པ་རེད། ཆོས་བརྒྱད་འདྲ་མིན་དང་ལྷ་ཁང་འདྲ་མིན་ཡོད་པ་མཐོང་བ་དང་། དེ་ཡང་སྐུ་འདྲ་མི་འདྲ་ཡོད་པ་གཅིག་པུ་མཐོང་བ་ཙམ་མ་ཡིན་པར་གསུང་མ་འདྲ་བ་ཡོད་པའི་ནང་དད་པ་བྱེད་པ་དང་སྙིང་རྗེ་སྒོམ་པ་ཆོས་ལུགས་ཚང་མས་གསུངས་ཀྱི་ཡོད་པ་རེད། གཙོ་བོ་ལྟ་གྲུབ་ཀྱི་ཐོག་ནས་རྒྱུ་མཚན་གསུངས་སྟངས་མི་འདྲ་བ་ཡོད་པའི་གྲས་ཤེས་ན་གཅིག་གིས་གཅིག་ལ་ནང་ཚགས་ཆགས་ནས་གུས་བརྩི་སླེབས་ཀྱི་རེད། ངོས་རང་ལ་ཆ་བཞག་ན་དེ་སྔ་བོད་ན་ཡོད་དུས་ཡེ་ཤི་ཆོས་པ་དང་ཆོས་ལུགས་གཞན་པར་འབྲེལ་བ་གང་ཡང་ཡོད་པ་མ་རེད། རིམ་པས་རྒྱ་གར་ལ་སླེབས་ནས་ཡེ་ཤི་ལ་ཆ་བཞག་ནཡེ་ཤིའི་གྲྭ་བ་ཐོ་མ་སི་མ་ཊིན་ཁོང་དངོས་གནས་ཧ་ལས་པ་ཞིག་ཡོད། ངེད་གཉིས་ཉིན་ཁ་ཤས་ལ་སྐད་ཆ་བཤད་པ་ཡིན། ཁོ་རང་གི་སྤྱོད་ལམ་དང་འགྲེལ་བཤད་བྱེད་པ་སོགས་ཡེ་ཤི་ཆོས་པ་ཡག་པོ་ཞིག་ཡིན་ན་ཁོང་འདྲ་བ་ཞིག་རེད་ཨང་བསམ་པ་ཁོང་ལྟ་བུ་མང་པོ་ལ་ཐུག་པ་རེད། དངོས་གནས་གུས་པ་སྐྱེས་པ་བྱུང་། དེ་ནང་བཞིན་ཁ་ཆེའི་ཆོས་པ་དང་ཇེའུ་ཆོས་པ་ལ་སོགས་པ་ཆོས་པ་མང་པོར་ངོས་རང་ཐུག་ཡོད་པ་རེད། སོ་སོའི་ཆོས་དེ་སེམས་པ་རྣམ་དག་གིས་བྱས་པ་ཡིན་ན་ཨ་མ་ཊི་རི་སི་ལྟ་བུ་རེད། གུས་པ་བྱེད་འོས་པ་ཞིག་རེད།

དེ་ནས་མི་འདྲ་བ་གཅིག་ལ་ངོས་ཀྱིས་ངོ་ཤེས་པའི་འཇར་མན་གྱི་ཡི་ཤེས་བླ་མ་ཞིག་ཡོད། ཁོང་གིས་ངོས་ལ་དེང་སང་ཡུ་རོབ་ནང་དུ་དེང་དུས་ཀྱི་ཚན་རིག་སོགས་ཀྱི་ཤེས་ཡོན་ཡོད་མཁན་ཚོར་དཀོན་མཆོག་འགྲེལ་བཤད་བྱེད་རྒྱུ་ཧ་ཅང་ཁག་པོ་འདུག སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་མིའི་བློ་ལ་འབབ་པོ་བྱེད་ཀྱི་འདུག་ཅེས་ཟེར། སྤྱིར་ཁམས་དང་མོས་པ་མི་འདྲ་བ་ཡོང་གི་རེད། ང་ཚོ་བོད་རིགས་ནང་དུ་ཆ་བཞག་ནའང་ཕལ་ཆེར་ལོ་བཞི་བརྒྱ་ལྷག་ཅིག་གི་ནང་དུ་ཁ་ཆེའི་ཆོས་བྱེད་མཁན་གང་འཚམ་བྱུང་ཡོད། དུས་རབས་༢༠ པའི་ནང་དུ་ཡེ་ཤི་ཆོས་བྱེད་མཁན་ཡང་བྱུང་ཡོད་པ་རེད། དེང་སང་དུས་རབས་ ༢༡ པའི་ནང་དུ་དེ་སྔ་ནང་པའི་ཆོས་མ་དར་སའི་ལུང་པ་ལ་སོ་སོའི་ཕ་མེས་ཀྱི་ཆོས་དེ་རྒྱུ་མཚན་རྩད་གཅོད་བྱས་ན་ཆེན་པོ་བཤད་རྒྱུ་མེད་པར་ང་རང་ཚོས་ཀྱང་དཀོན་མཆོན་མཁྱེན་ཟེར་དུས་ཧ་ཅང་འདོམས་བདེ་བོ་ཡོད་པ་ལྟ་བུ་རེད། དེ་ལྟ་བུ་ཡོང་བས་ཡིད་མ་ཚིམས་པར་རྩད་གཅོད་དང་བརྟག་དཔྱད་བྱེད་མཁན་ཚོར་སྤྱིར་སངས་རྒྱས་པའི་ཆོས་དང་ཡང་སྒོས་ནཱ་ལེནྡྲའི་མཁས་དབང་ཚོས་གསུངས་པའི་ལེགས་བཤད་དེ་དག་མཐོང་ཡོང་དུས་རྒྱུ་མཚན་གཅིག་ནས་གཉིས་སུ་བགྲངས་ནས་བཤད་རྒྱུ་ཡོད་པ་ཞིག་དང་། མཐར་མངོན་སུམ་མྱོང་བའམ་མཐོང་བ་མངོན་གྱུར་ལ་གཏུགས་ནས་བཤད་རྒྱུ་ཡོད་པ་ཞིག་ཆགས་ཡོད་པས་དེ་མི་འདྲ་བ་ཞིག་ཆགས་ཡོད། ཅེས་སོགས་ཆོས་འདོད་དང་མི་འདོད་གང་ཞིག་བྱེད་མིན་དང་། ཁ་གཏོང་བ་གང་ཡིན་ཡང་སོ་སོའི་རང་དབང་རེད་ཅེས་སོགས་བཀའ་སློབ་སྩལ་རྗེས་རྡོ་རྗེ་གཅོད་པའི་བཤད་ལུང་འཕྲོ་སྐྱོང་མཛད་པ་དང་།

ཆུ་ཚོད་ ༡༡།༥༠ཙམ་ལ་རྡོ་རྗེ་གཅོད་པའི་བཤད་ལུང་ཡོངས་སུ་གྲུབ་སྟེ་དབྱངས་ཅན་མ་དཀར་མོའི་རྗེས་གནང་དབུ་འཛུགས་ཀྱིས་བཀའ་སློབ་སྩལ་དོན། མཇུག་ཏུ་དགེ་བ་ལྷ་མོ་དབྱངས་ཅན་མའི་རྗེས་གནང་ཡིན། ལྷ་མོ་དབྱངས་ཅན་མར་སྐུ་ཡི་རྣམ་འགྱུར་མི་འདྲ་བ་མང་པོ་ཡོང་གི་འདུག རིགས་འབྱུང་བརྒྱ་རྩའི་ནང་དུ་ཡོད་པ་དེ་ངོས་ལ་ཐོབ་ཡོད་པ་རེད། རིགས་འབྱུང་བརྒྱ་རྩའི་ནང་དུ་དབྱངས་ཅན་མ་དམར་མོ་དང་དབྱངས་ཅན་མ་དཀར་མོ་འདུག འདིར་དབྱངས་ཅན་མ་དཀར་མོའི་རྗེས་གནང་བྱེད་རྒྱུ་ཡིན། ཅེས་བཀའ་སློབ་རྗེས་མགོན་པོ་གང་ཉིད་མཆོག་གིས་རིགས་འབྱུང་བརྒྱ་རྩ་ལས་བྱུང་བའི་དབྱངས་ཅན་མ་དཀར་མོའི་རྗེས་གནང་འདི་བཞིན་སྟག་བྲག་རིན་པོ་ཆེའི་མདུན་ནས་ཞུས་པ་སོགས་བཀའ་སློབ་དང་རྗེས་གནང་སྩལ་གྲུབ་མཚམས། ཤེས་རབ་ཀྱི་ལྷ་ཡབ་རྗེ་བཙུན་འཇམ་པའི་དབྱངས། ཡུམ་དབྱངས་ཅན་མ་གཉིས་པོ་སྒྲུབ་པ་ཡིན་ན་ཤེས་རབ་གོང་ནས་གོང་དུ་འཕེལ་བར་ཁྱད་པར་ཆེན་པོ་ཡོད་པ་རེད། རྒྱ་ནག་རྗེ་བཙུན་འཇམ་པའི་དབྱངས་ལ་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཆགས་ཡོད་པ་རེད། རི་བོ་རྩེ་ལྔའི་གནས་ནི་ཡོངས་གྲགས་ཀྱིས་རྗེ་བཙུན་འཇམ་དབྱངས་ཀྱི་གནས་རྩ་ཆེན་པོར་བརྩི་བཞིན་ཡོད་པ་རེད། ཁྱོད་རང་ཚོས་རྗེ་བཙུན་འཇམ་པའི་དབྱངས་སྒྲུབ་པ་ཡིན་ན་ཏན་ཏན་བྱིན་རླབས་ལ་ཁྱད་པར་ཞིག་ཡོད་པ་རེད།

ཁ་སང་དང་དེ་རིང་གཙོ་བོ་ཆེད་དུ་བྱ་བ་རྒྱ་ནག་ནས་ཡོང་བ་དང་། དེ་བཞིན་ཐའེ་ཝན་ལ་སོགས་པ་ནས་ཆེད་དུ་དམིགས་ནས་ཡོང་བ་རྣམས་ལ་ཆོས་འབྲེལ་འདི་ཟིན་པ་རེད། ཁྱོད་རང་ཚང་མས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་ལྡན་པ་ཅིག་དང་། སེམས་པ་བཟང་པོ་བྱེད་པ་བཅས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་རྣལ་མ་ཞིག་བྱེད་དགོས། མ་འོངས་པར་རི་བོ་རྩེ་ལྔར་འཇམ་དབྱངས་ཀྱི་བྱིན་རླབས་བྱེད་ཐུབ་པར་ངོས་ཀྱིས་སྨོན་ལམ་རྒྱག་གི་ཡིན། ཁྱོད་རང་ཚོས་ཀྱང་སྨོན་ལམ་རྒྱོབ་ཅེས་བཀའ་སློབ་སྩལ་བ་དང་རྒྱ་རིགས་ཆོས་ཞུ་བ་རྣམས་ཀྱིས་དགའ་སྤྲོ་ཆེན་པོས་དགའ་བསུ་ཡུན་རིང་བྱས་པ་དང་། མུ་མཐུད། ཐེངས་འདིའི་ཆོས་འབྲེལ་ཚང་མ་ཟིན་པ་རེད། དེ་རིང་འདིར་དད་པའི་འདུས་པའི་སེར་སྐྱ་ཕོ་མོ་ཚང་མར་ཉི་མ་མང་པོར་བསྟུད་དེ་ཆོས་འབྲེལ་མང་པོ་ཞིག་ཐོབ་ཡོད་པ་རེད། ཆོས་འབྲེལ་ཞུ་བའི་མ་རྩ་ནི་དད་པ་དང་དམ་ཚིག་རེད། དེ་ཚང་མས་སེམས་ལ་ཞོག གཙོ་བོ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྟོང་ཉིད་ཀྱི་ལྟ་བའི་ཐོག་ལ་དོ་སྣང་ཤུགས་ཆེ་ཙམ་དང་། དེ་དང་འབྲེལ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ལ་དོ་སྣང་ཤུགས་ཆེ་ཙམ་བྱས་ཏེ་གོང་ནས་གོང་དུ་འཕེལ་བ་ཞིག་བྱེད་དགོས་ཞེས་སོགས་བཀའ་སློབ་སྩལ་གྲུབ་མཚམས། ༢༠༡༨ ལོའི་རྡོར་གདན་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་མགྲིན་ཚབ་པ་འཇམ་དཔལ་ལྷུན་གྲུབ་ལགས་ཀྱིས་གསུང་ཆོས་ཉིན་གྲངས་ ༡༡ རིང་གི་བྱུང་སོང་རྩིས་ཕྲ་སྙན་སྒྲོན་ཞུས་ཏེ་ཉིན་གྲངས་བཅུ་གཅིག་རིང་གི་གསུང་ཆོས་གནང་སྒོ་ཡོངས་སུ་མཇུག་གྲུབ་པ་དང་། ཚེས་ ༢༥ ཉིན་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་ཅིག་གི་སློབ་ཕྲུག་ལ་དུས་དབང་གསུང་ཆོས་ར་བར་བཀའ་སློབ་སྩལ་རྒྱུ་ཡིན་པ་བཅས།།