19
Fri, Apr

སེར་སྨད་གྲྭ་ཚང་གི་ཆོས་ར་གསར་བ་ལེགས་གྲུབ་ཀྱི་མཛད་སྒོར་དབུ་བཞུགས་མཛད་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༡  ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀཱ་ན་ཊ་ཀ་མངའ་སྡེའི་སྦེལ་ཀོབ་ཏུ་ཡོད་པའི་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་སེར་སྨད་གྲྭ་ཚང་གིས་གསར་བཞེངས་གནང་བའི་ཆོས་ར་གསར་པ་ལེགས་གྲུབ་ཀྱི་མཛད་སྒོར་དབུ་བཞུགས་ཀྱིས་བཀའ་སློབ་སྩལ་ཡོད་པ་དང་། དེ་རྗེས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་བཀའ་དྲིན་སྩལ་ཡོད་པ་རེད། 

དེ་ཡང་སྔ་དྲོ་སེར་སྨད་གྲྭ་ཚང་གི་ཆོས་ར་གསར་བ་ལེགས་པར་གྲུབ་པའི་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་ཁ་རྒྱུན་དུ་བོད་ལ་དགུན་དང་པོ་ས་གས། དགུན་གཉིས་པ་རྡོ་གས། དགུན་གསུམ་པ་བཙུན་པའི་དབུ་གས་ཞེས་ཟེར་སྲོལ་ཡོད་པ་རེད། གང་ལྟར་བཙུན་པའི་མགོ་རྡོ་ལས་མཁྲེགས་པོ་ཡོད་པའི་སྐད་ཆ་རེད། དེ་རིང་འདིར་གྲང་མོ་འདུག ཁོང་གིས་ཕུལ་བའི་ཞྭ་མོ་འདི་ཧ་ཅང་དྲོ་བོ་བྱུང་ཞེས་ཞལ་རྩེད་དང་སྦྲགས་བཀའ་སློབ་སྩལ་དོན།

དགའ་ལྡན་ཁྲི་རིན་པོ་ཆེ་དང་ཁྲི་ཟུར་རིན་པོ་ཆེ་རྣམ་པ་ཚོས་དབུས་པའི་རི་བོ་དགེ་ལྡན་པའི་བསྟན་བདག་རྣམ་པ་ཚོ་དང་། དེ་བཞིན་བླ་སྤྲུལ་དགེ་བཤེས་མང་པོ་ཞིག་དེ་རིང་འདིར་འཛོམས་ཡོད་པ་རེད། དེ་བཞིན་རིས་མེད་ཀྱི་བཤད་གྲྭ་ཁག་གི་སློབ་དཔོན་རྣམ་པའང་དེ་རིང་འདིར་ཕེབས་ཡོད་པ་རེད། དེ་རིང་འདིར་ཆེད་དུ་གཉེར་ནས་མུ་སྟེགས་པའི་བླ་ཆེན་མཁས་དབང་དེ་འདྲ་ཡང་ཕེབས་ཡོད། དེས་གང་ཞིག་སྟོན་གྱི་ཡོད་པ་རེད་ཅེ་ན། རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་བཅོམ་ལྡན་འདས་མ་བྱུང་གོང་ནས་ལྟ་གྲུབ་དང་འབྲེལ་བའི་ཆོས་བརྒྱུད་གྲངས་ཅན་པའི་ལྟ་གྲུབ་ནས་བཟུང་། གཅེར་བུ་པ། དེ་དང་དེ་འདྲ་བའི་རིགས་བྱེད་མཐའ་བ། དཔྱོད་པ་བ། རྒྱལ་བ་པ་ཟེར་བ་སོགས་མུ་སྟེགས་པའི་གཞུང་མང་པོ་ཞིག་ཡོད་པ་རེད།

མུ་སྟེགས་པའི་གཞུང་དེ་དག་གི་ནང་དུ་སེམས་ཁམས་རིག་པའི་སྐོར་ཤུགས་ཆེན་པོ་ཡོད་པ་རེད། གང་ལྟར་རྒྱ་གར་གྱི་ཕ་མེས་ཀྱི་ཆོས་དེ་དག་གི་ནང་དུ་ཞི་གནས་སྒོམ་པ་དང་ལྷག་མཐོང་སྒོམ་པ་ཟེར་བ་ཡོད་པ་ཡིན་པས་ཞི་གནས་དང་ལྷག་མཐོང་སྒོམ་པ་ལ་སེམས་ཁམས་རིག་པའི་འགྲོ་སྟངས་རང་བཞིན་གྱིས་ཤེས་དགོས། དྲན་ཤེས་བསྟེན་ཏེ་བྱིང་རྒོད་ཀྱི་སྐྱོན་སེལ་ནས་སེམས་རྩེ་གཅིག་པ་སྒྲུབ་པ་དང་། དེ་བཞིན་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ཡོང་བའི་སྐབས་སུ་ཤེས་རབ་ཀྱི་འགྲོ་སྟངས་ཇི་ལྟར་ཡིན་པ་གོ་རྟོགས་ཡོད་པའི་ཐོག་ནས་སྒོམ་བརྒྱག་དགོས་པ་ཞིག་ཆགས་ཡོད། སངས་རྒྱས་བཅོམ་ལྡན་འདས་མ་བྱུང་གོང་ནས་རྒྱ་གར་ལ་སེམས་ཁམས་རིག་པའི་སྐོར་ཕལ་ཆེར་ཟབ་མོ་དང་རྒྱ་ཆེན་པོ་ཞིག་ཡིན་བསྡད་ཡོད་པ་རེད། 

ཐུན་མོང་གདུལ་བྱའི་སྣང་ངོར་བཅོམ་ལྡན་འདས་ཁོང་ཡང་དེའི་སྐབས་ཡོད་པའི་རྒྱ་གར་གྱི་རིག་གཞུང་གཏིང་ཟབ་པ་དེ་དག་ལ་སློབ་གཉེར་གནང་། དེ་ལྟ་བུའི་ཐོག་ནས་ལོ་དྲུག་དཀའ་སྤྱད་མཛད་དེ་སྒོམ་བརྒྱབ་ནས་མཐར་བཅོམ་ལྡན་འདས་ཀྱིས་རང་སྟོབས་ཀྱི་ཐོག་ནས་བདག་མེད་པའི་ལྟ་བ་ལ་སོགས་ཀྱི་ཐོག་ནས་དགོངས་པ་བཞེས་ཏེ་མངོན་པར་རྫོགས་པའི་སངས་རྒྱས་པའི་མཛད་པ་མཛད། རྒྱ་གར་འཕགས་པའི་ཡུལ་འདིར་ལོ་ངོ་སྟོང་ཕྲག་གསུམ་ཡས་མས་རིང་ཆོས་བརྒྱུད་མང་པོ་ཞིག་ཡོད་པ་དང་། དེ་དག་ལ་མཁས་པའི་རྣམ་དཔྱོད་ཀྱི་ཐོག་ནས་བགྲོ་གླེང་དང་རྩོད་པ་རྩོད་རྒྱུ་ཡོང་གི་ཡོད་ཀྱང་། རྩ་བ་གཅིག་གིས་གཅིག་ལ་གུས་བརྩི་དང་མཐོང་ཡོད་པའི་ཐོག་འགྲོ་བསྡད་ཡོད། དེར་བརྟེན་རྒྱ་གར་འཕགས་པའི་ཡུལ་དུ་དུས་ད་ལྟ་ཡིན་ནའང་ཆོས་ལུགས་རིས་སུ་མ་ཆད་པ་ཚང་མར་དངོས་གནས་ཕན་ཚུན་ལ་བརྩི་འཇོག་དང་གུས་པ་ཡོད་པའི་ཐོག་ནས་མཉམ་དུ་སྡོད་པ་ཞིག་ཡོད་པ་རེད། དེ་ལྟ་བུའི་རྒྱ་གར་དུ་ཆོས་ལུགས་མཐུན་འབྲེལ་ཡོད་པ་དེས་འཛམ་བུ་གླིང་སྤྱི་ལ་མིག་དཔེ་སྟོན་ཐུབ་པ་ཞིག་ཆགས་ཡོད། 

ངོས་ཀྱིས་གང་ས་གང་དུ་ཆོས་ལུགས་མཐུན་འབྲེལ་བྱེད་ཐུབ་པའི་རྒྱུ་མཚན་ལ་མི་གྲངས་དུང་ཕྱུར་བཅུ་ལྷག་ཡོད་པའི་རྒྱ་གར་ལུང་པའི་ནང་དུ་ཆོས་ལུགས་མཐུན་འབྲེལ་ཡོང་གི་ཡོད་པ་རེད། ཆོས་ལུགས་ཕན་ཚུན་ཞི་བདེ་མཉམ་གནས་སུ་སྡོད་ཐུབ་པ་ཡོང་གི་ཡོད་པ་རེད། རྒྱ་གར་ནང་གི་ཆོས་ལུགས་མཐུན་འབྲེལ་དེ་རྒྱ་གར་རང་བཙན་རག་ནས་གསར་དུ་ཆགས་པ་མ་རེད། ལོ་སྟོང་ཕྲག་གསུམ་ལྷག་རིང་ལ་ཆོས་ལུགས་མཐུན་འབྲེལ་བསྡད་ཀྱི་ཡོད་པ་རེད། དེར་བརྟེན་འཛམ་གླིང་ས་ཆ་གང་དུའང་ང་ཚོས་འབད་བརྩོན་བྱས་ན་ཆོས་ལུགས་མཐུན་འབྲེལ་ངེས་པར་དུ་ཡོང་ཐུབ་ཀྱི་རེད་ཅེས་ངོས་ནས་རྒྱུ་མཚན་ཡང་དག་པ་ཞིག་དང་དངོས་སུ་ལུང་པ་དེའི་ནང་ཆོས་ལུགས་མཐུན་འབྲེལ་འགྲུབ་ཀྱི་ཡོད་པས་འཛམ་གླིང་གི་ས་ཆ་གཞན་དང་གཞན་དུ་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་གསོད་རེས་གཏོང་བ་ཡོང་བཞིན་པའི་གནས་ཚུལ་དེའི་འོག་ཆོས་ལུགས་མཐུན་འབྲེལ་དགོས་ཀྱི་འདུག་ཅེས་འབད་བརྩོན་གཙོ་བོ་ཞིག་བྱེད་བཞིན་ཡོད། དེ་རིང་འདིར་ཁྱོད་རང་ཚོ་ཆེད་མངགས་ཕེབས་པ་ལ་ཧ་ཅང་དགའ་བོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  དེ་རིང་ཁ་སང་ངོས་རང་ངོ་སྤྲོད་བྱེད་དུས་ངོས་རང་གནའ་རབས་ཀྱི་རྒྱ་གར་གྱི་རིག་གཞུང་གི་མགྲིན་ཚབ་པ་ messenger བྱེད་ཀྱི་ཡོད་ཅེས་བཤད་ཀྱི་ཡོད། དེ་རིང་འདིར་དམིགས་བསལ་གྱི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོར་ཁྱོད་རང་ཚོ་ཕེབས་པ་རེད། དགའ་བོ་བྱུང་། ཐུགས་རྗེ་ཆེ། 

དེ་རིང་འདིར་སྐབས་སུ་བབ་པ་སེར་སྨད་གྲྭ་ཚང་ནས་ཆོས་ར་རྒྱ་བསྐྱེད་པ་དང་། དེ་དང་སྟབས་མཚུངས་ཚན་རིག་གི་འཛིན་ཁང་སོགས་ལས་བསྡོམས་ནང་ལ་གསུངས་པ་ནང་བཞིན་འཛུགས་བསྐྲུན་གྱི་རྒྱ་ཆེ་ཐག་ཆོད་བྱུང་འདུག འགྲོ་སོང་ཡང་ཧ་ཅང་ཆེན་པོ་རེད། འབྲེལ་ཡོད་སྦྱིན་བདག་དང་བཅས་པ་ཚས་མས་དངོས་གནས་ལྷག་བསམ་རྣམ་དག་གི་ཐོག་ནས་རྒྱབ་སྐྱོར་དང་མཐུན་འགྱུར་བྱས་འདུག ལས་ཀ་བྱེད་མཁན་ཚོའི་ཐོག་ནས་ཡིན་ནའང་བསམ་པ་རྣམ་དག་གི་ཐོག་ནས་ལས་དོན་བསྒྲུབས་ནས་མཁན་པོས་དབུ་ཁྲིད་ནས་འཛུགས་བསྐྲུན་དེ་དག་ཧ་ཅང་ཡག་པོ་བྱུང་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ང་རང་ཚོ་བོད་པའི་ཁ་རྒྱུན་དུ་གཟི་བརྗིད་ཁོག་སྟོང་ཞེས་བཤད་སྲོལ་ཡོད་པ་རེད། ཕར་བལྟས་ཚེ་གཟི་བརྗིད་ཆེན་པོ་དང་ནང་ལོགས་ལ་དེ་ཙམ་མེད་པ་ཡིན་ན་གཟི་བརྗིད་ཁོག་སྟོང་ཟེར་བ་དེ་རེད། ང་རང་ཚོ་དེ་འདྲ་ཡོང་མི་སྲིད་པ་མ་རེད། དེར་བརྟེན་ཕྱི་དངོས་པོའི་མཐུན་རྐྱེན་འཛུགས་བསྐྲུན་བྱས་ཏེ་ཡར་རྒྱས་ཕྱིན་པ་དང་ཆབས་ཅིག་ཚོགས་གཙོས་བཀའ་གནང་བ་ནང་བཞིན་ནང་གི་བསླབ་པ་སློབ་གཉེར་རྒྱག་པ་ཡང་འཐུས་ཤོར་དུ་མ་སོང་བ་ཞིག་དགོས། བསླབ་པ་སློབ་གཉེར་རྒྱག་སྟངས་ལ་འདས་པའི་ལོ་བརྒྱ་ཕྲག་ཁ་ཤས་རིང་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ཚད་མ་རིག་པ་དང་འབྲེལ་བའི་ལྟ་སྒོམ་སྤྱོད་གསུམ་གྱི་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཧ་ཅང་ཟབ་པོ་ཞིག་ཡོད་པ་རེད། ཕལ་ཆེར་འཛམ་གླིང་འདིའི་སྒང་གི་དམིགས་བསལ་ཞིག་ཆགས་ཡོད་པ་ཧ་ཅང་གསལ་བོ་རེད། དེ་རྒྱ་གར་ལ་ཉམས་ཉེས་ཆེན་པོ་ཕྱིན་ཟིན་པ་རེད། དེ་སོས་པ་བྱས་ཏེ་བསྡད་ཡོད་མཁན་བོད་གཅིག་པུ་རེད། གཞི་རྩ་འདིའི་ཐོག་ལ་སྔར་དེ་ཚེ་དེ་དུས་དར་སྲོལ་མེད་པའི་ཕྱི་དངོས་ཁམས་རིག་པ་གཙོ་བོར་ཉམས་ཞིབ་བྱས་ནས་གོ་རྟོགས་གསར་པ་ཡོང་ཡོད་པའི་ཚན་རིག་གི་རིག་གནས་ཤིག་སླེབས་ཡོད་པ་རེད། དེ་དངོས་ཁམས་རིག་པ་མཐོང་བ་མངོན་གྱུར་གྱི་ཐོག་ལ་ཞིབ་འཇུག་བྱས་ནས་སླེབས་ཡོད་པས་དེ་དག་མ་རྙེད་པ་དང་མེད་པར་རྙེད་པ་ལ་ཁྱད་པར་ཕྱེས་ནས་ང་ཚོས་བཤད་ཐུབ་ཀྱི་རེད། དེ་ལྟ་བུ་མང་པོ་ཞིག་མཐོང་ཆོས་ལ་ཚད་བརྒྱབ། རྩིས་སྐོར་བ་སོགས་མང་པོ་ཞིག་གི་ཐོག་ནས་ར་འཕྲོད་ཡོད་པ་དེ་དག་མཐོང་བ་མངོན་གྱུར་སྐོར་ལ་ཞིབ་ཕྲ་གཏན་ལ་ཕབ་པ་ཡིན་པས་ང་ཚོས་དེ་ཤེས་དགོས་པ་ཆགས་ཀྱི་ཡོད། 

དཔེར་ན། མངོན་པ་མཛོད་ཀྱི་འཇིག་རྟེན་གྱི་རྣམ་གཞག་གསུངས་པ་དེ་དག་དུས་འཁོར་ནས་ཡིན་ནའང་འཇིག་རྟེན་ཁམས་ལེའུ་ནང་དུ་ཧ་ཅང་ཞིབ་ཚགས་མོ་ཞིག་ཡོད་ཀྱང་། དེ་དང་ཚན་རིག་ཐོག་ནས་མཐོང་ཆོས་སུ་རྙེད་ཡོད་པ་དེ་ལ་ངོས་རང་ཚན་རིག་གི་ཐོག་ནས་མཐོང་ཆོས་ཀྱི་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་དེ་ལ་ཡིད་ཆེས་ཆེ་བ་ཡོད་མ་གཏོགས། དེ་ལ་སྣང་ཆུང་བྱས་ཏེ་ང་ཚོའི་གཞུང་ནས་གསུངས་ཡོད་པ་དེ་དག་ལ་ལུང་ནས་གསུངས་པ་རེད་ཅེས་རྩ་ཆེན་པོར་བརྩི་གི་མེད། དེ་བཅོམ་ལྡན་འདས་ཁོང་གིས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་བརྟག་དཔྱད་བྱས་ཏེ་འགྲོ་དགོས་པར་གསུངས་ཡོད། དེར་བརྟེན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཞིག་ལ་དེར་དཀའ་ངལ་ཁྱོན་ནས་ཡོད་པ་མ་རེད།

བཅོམ་ལྡན་འདས་ཀྱིས་ཧ་ཅང་གསལ་བོ་གསུངས་ཡོད་པས་ཚན་རིག་པ་དང་མཉམ་དུ་ཕན་ཚུན་སློབ་སྦྱོང་བྱེད་ཐུབ་པ་དང་། གཅིག་གིས་གཅིག་ལ་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ང་ཚོས་བྱེད་ཐུབ་ཀྱི་ཡོད། ཆོས་བརྒྱུད་རིགས་གཅིག་ལ་ཏོག་ཙམ་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། སངས་རྒྱས་པའི་ཆོས་དང་ལྷག་པར་ནཱ་ལེནྡྲའི་ཆོས་བརྒྱུད་ལ་དཀའ་ངལ་ཁྱོན་ནས་ཡོད་པ་མ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་མུ་སྟེགས་པའི་བླ་ཆེན་རྣམ་པ་དང་༸གོང་ས་མཆོག་ལྷན་དུ་སྐུ་པར་བསྒྲོན་པ་དང་། སྟོན་པའི་སྐུ་བརྙན་རེ་གནང་སྟེ་ལྟ་གྲུབ་སྨྲ་བ་དང་བསམ་བློ་བ་ཆེན་པོ་ཡིན་པ་སོགས་ངོ་སྤྲོད་མཛད་རྗེས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཤད་ལུང་གི་ཆོས་འབྲེལ་སྩལ་ཡོད་པ་དང་།  ཆོས་ར་སྒོ་འབྱེད་ཀྱི་མཛད་སྒོ་ལ་དགའ་ལྡན་ཁྲི་པ་བློ་བཟང་བསྟན་འཛིན་མཆོག་དང་། ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག ཤར་བྱང་ཆོས་རྗེ་རྣམ་གཉིས་དང་མཁན་ལས་ཟུར། དེ་བཞིན་མུ་སྟེགས་པའི་བླ་ཆེན་ Sri Shivarathri Deshikendra Swamiji མཆོག་དང་།  Nirmalanandanatha swamiji མཆོག དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སོགས་དད་ལྡན་སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བ་ཕེབས་ཡོད་པ་བཅས།།