19
Fri, Apr

མཁའ་འགྲོ་ཚེ་བརྟན་ལགས།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༧་ཚེས་༡༤ཉིན་སྤེལ། ཉེ་ཆར་བོད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་བོད་མི་མཁའ་འགྲོ་ཚེ་བརྟན་དང་ཚེ་རྒོ་གཉིས་ཀྱིས་༸གོང་ས་མཆོག་ལ་བསྟོད་གླུ་ཕུལ་བར་བརྟེན། རྒྱ་གཞུང་གིས་ཁོང་གཉིས་ལ་རྒྱལ་ཁབ་ཁ་བྲལ་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཞེས་པའི་ཉེས་མིང་བཏགས་ནས་ལོ་གསུམ་དང་ལོ་བདུན་གྱི་ཁྲིམས་ཐག་བཅད་ཡོད་འདུག

དེ་ཡང་། འབྲེལ་ཡོད་མི་སྣ་ཞིག་གིས་འདི་གར་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་དོན་ལྟར་ན། ༢༠༡༩་ལོར་བོད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་ཡུལ་ཚོ་རྡོ་དཀར་སྡེ་བ་ནས་ཡིན་པའི་བོད་རིགས་ན་གཞོན་མཁའ་འགྲོ་ཚེ་བརྟན་ལགས་ཀྱིས་༸གོང་ས་མཆོག་ལ་བསྟོད་གླུ་གཞས་ཚིག་ཅིག་བྲིས་པ་དང་། གླུ་བ་ཚེ་རྒོ་ཡིས་གླུ་དེ་ལེན་ཡོད་འདུག དེ་ནས་བུ་མོ་ཞིག་གིས་གླུ་དེ་སྤྱི་ཚོགས་དྲ་རྒྱར་བརྒྱུད་སྐུར་བྱས་པའི་དབང་གིས། ལོ་དེར་ཁོ་ཚོ་གསུམ་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

ཁོ་ཚོ་ལོ་གཅིག་ལ་འཛིན་བཟུང་བཀག་ཉར་བྱས་རྗེས། འདི་ལོའི་ཟླ་༧་ཟླ་མགོར་རེབ་གོང་རྫོང་ཐོག་ནས་མཁའ་འགྲོ་ཚེ་བརྟན་དང་གླུ་བ་ཚེ་རྒོ་ལ་རྒྱལ་ཁབ་ཁ་བྲལ་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཞེས་པའི་ཉེས་མིང་བཏགས་ནས་ལོ་བདུན་དང་གསུམ་ལ་ཁྲིམས་ཐག་བཅད་ཡོད་པར་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་བྱས་སོང་།

རྒྱ་གཞུང་གིས་མཁའ་འགྲོ་ཚེ་བརྟན་ལགས་༢༠༡༢་ལོའང་འཛིན་བཟུང་བྱས་མྱོང་ཡོད་འདུག དེ་ཡང་ཕྱི་ལོ་ ༢༠༡༠ ལོར་རེབ་གོང་ནས་བོད་ཕྲུག་སློབ་མ་ཚོས་སྐད་ཡིག་གི་རང་དབང་ཆེད་ཡར་ལངས་བྱས་ཡོད་། མཁའ་འགྲོ་ཚེ་བརྟན་ལགས་དེ་དང་འབྲེལ་བ་ཡོད་སྐོར་བརྗོད་ནས་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༢་ནང་འཛིན་བཟུང་བྱས་ནས་ལོ་གཉིས་མེད་ཙམ་བཀག་ཉར་བྱས་འདུག

ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༧ པའི་ནང་དུ་ཁོང་བཙོན་ཁང་ནས་གློད་གྲོལ་བཏང་ཀྱང་། ཕྱི་ལོ་ ༢༠༡༨ བར་འགྲོ་འདུག་སྤྱོད་གསུམ་ཐོག་ཉེན་རྟོག་པས་ལྟ་རྟོག་འོག་གནས་དགོས་བྱུང་འདུག དེ་བཞིན་ཁོང་གི་ཐོབ་ཐང་ལག་འཁྱེར་རྩིས་མེད་དང་། ཁོང་སློབ་གྲྭར་འགྲོ་མ་ཆོག་པར་རང་ཁྱིམ་དུ་སྡོད་དགོས་བྱུང་ཡོད། ཅེས་བརྗོད་སོང་།

མཁའ་འགྲོ་ཚེ་བརྟན་ནི་ནམ་རྒྱུན་མི་རིགས་ལ་ལ་རྒྱ་དང་སེམས་ཤུགས་ཧ་ཅང་ཡོད་མཁན་ཞིག་ཡིན་ཡང་། ཕྱི་ལོ་ ༢༠༡༤་ལོར་བཙོན་ནས་གློད་གྲོལ་ཐོབ་རྗེས་ཁོང་སློབ་གྲྭ་དང་སྤྱི་ཚོགས་ཐོག་ལས་ཀ་བྱེད་མ་བཅུག་སྟབས། ནང་ནས་བཟའ་ཟླ་ཞིག་བླངས་ནས་བསྡད་ཡོད་པ་དང་། ད་ལྟ་ཁོང་ལ་བྱིས་པ་ཞིག་ཀྱང་ཡོད་པ་རེད།

ནང་མི་ཚོས་མཁའ་འགྲོ་ཚེ་བརྟན་ལགས་དང་ཁོང་གི་ནང་མི་ཚོར་དཀའ་ངལ་དེ་ལས་འཕྲད་རྒྱུ་ཡིན་པའི་ཐེ་ཚོམ་འོག་གནས་ཚུལ་འདི་ཕྱིར་བསྒྲགས་བྱས་མེད་པ་རེད། འབྲེལ་ཡོད་གཞན་ཞིག་བརྒྱུད་ནས་གནས་ཚུལ་ལེན་དགོས་བྱུང་འདུག