05
Sun, Jul

༢༠༢༠་ལོའི་ཟླ་༢་ཚེས་༡༤་ཉིན། ༸གོང་ས་མཆོག་གིས་བོད་ཁམས་རྟའུ་རྫོང་གི་ཡུལ་དགོན་སྤྱི་ལ་གསུང་འཕྲིན་སྩལ་འདུག

བོད་ཀྱི་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༢་ཚེས་༡༨་ཉིན་སྤེལ། སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཉེ་ཆར་བོད་ནང་རྟའུ་ཡུལ་དགོན་སྤྱི་ནས་བརྟག་ཞུ་ཞུས་ཡོད་འདུག ༸གོང་ས་མཆོག་གིས་དེར་དམིགས་བསལ་ངན་དོག་ཆེ་བ་མ་ཤར། འོན་ཀྱང་སྤྱི་མཐུན་ལས་དབང་དང་འབྲེལ་བས་ཡུལ་སྤྱི་ནས་འཕྲོད་བསྟེན་སྔོན་འགོག་གཟབ་ནན་དང་། སྒྲོལ་མ་དང་མ་ཎི་གང་འགྲོ་གསོག སྟོན་པའི་གསུང་གི་སྙིང་པོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་ལ་ཐོས་བསམ་སྒོམ་པ་ཐུབ་ན་ཚོགས་བསགས་དང་ལས་སྒྲིབ་སྦྱོང་བར་དེ་བས་གནད་ཆེ་བ་མེད། ཅེས་གསུང་འཕྲིན་སྩལ་འདུག

དེ་ཡང་། ཉེ་ཆར་བོད་ནང་རྟའུ་ཡུལ་དགོན་སྤྱི་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟག་ཞུ་ཞུས་ཡོད་འདུག་པ་དང་། ཟླ་འདིའི་ཚེས་༡༤་ཉིན། ༸གོང་ས་མཆོག་གིས་དད་ལྡན་རྟའུ་ཡུལ་དགོན་སྤྱི་ནས་བརྟག་ཞུ་འབྱོར་པར། བརྟག་པར་འགྱིས་དོན། དམིགས་བསལ་ངན་དོག་ཆེ་བ་མ་ཤར། འོན་ཀྱང་སྤྱི་མཐུན་ལས་དབང་དང་འབྲེལ་བས་ཡུལ་སྤྱི་ནས་འཕྲོད་བསྟེན་སྔོན་འགོག་གཟབ་ནན་དང་། སྒྲོལ་མ་དང་མ་ཎི་གང་འགྲོ་གསོག སྟོན་པའི་གསུང་གི་སྙིང་པོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་ལ་ཐོས་བསམ་སྒོམ་པ་ཐུབ་ན་ཚོགས་བསགས་དང་ལས་སྒྲིབ་སྦྱོང་བར་དེ་བས་གནད་ཆེ་བ་མེད། ཅེས་གསུང་འཕྲིན་སྩལ་འདུག

ད་སྔར་དཀར་མཛེས་ཁུལ་དུ་ཁྱོན་ནད་པ་༦༢་ངོས་འཛིན་བྱུང་འདུག ཁ་སང་ལས་མི་ལྔ་མང་རུ་ཕྱིན་ཡོད་འདུག འོན་ཀྱང་། ཁ་སང་རྟའུ་རྫོང་དུ་ནད་པ་༣༩་ཡོད་པ་དང་། དེ་རིང་མང་དུ་ཕྱིན་ཡོད་པ་རྣམས་རྟུའུ་རྫོང་དུ་ཡིན་མིན་ད་དུང་གསལ་ཁ་མིན་འདུག དར་རྩེ་མདོ་ལ་ནད་པ་གཉིས་། གསེར་རྟ་ལ་ནད་པ་གཉིས། འདབ་པ་ལ་ནད་པ། གཅིག་བཅས་རེད། དཀར་མཛེས་ཁུལ་ནས་ནད་པ་གསུམ་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་འདུག ཅེས་རྒྱ་ནག་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཕྱི་བསྒྲགས་བྱས་འདུག བོད་ཁུལ་དུ་ནད་པ་མང་ཤོས་རྟའུ་ཆགས་ཀྱི་ཡོད་པ་དང་དེ་དང་ཉེ་ས་བྲག་འགོ་རྫོང་དང་དཀར་མཛེས་རྫོང་དར་རྩེ་མདོ་སོགས་ལ་གྲོང་སྡེ་སོ་སོས་ཧ་ཅང་གིས་གཟབ་གཟབ་བྱེད་བཞིན་པ་ནི་ཕྱི་མི་ནང་ལ་ཡོང་དུ་མི་བཅུག་པ་དང་ནང་གི་མི་ཕྱི་ལ་འགྲོ་རུ་མི་བཅུག་པ་སོགས་ཀྱི་གནས་ཚུལ་འདུག

དེ་རིང་ཨཱར་ཇཱན་ཛཱི་རཱ་གསར་ཁང་ནས་གནས་ཚུལ་ཐོན་པའི་ལྟར་ན། རྒྱ་ནག་རྒྱལ་ཡོངས་ལ་ཏོག་དབྱིབས་ནད་དུག་ཕོགས་མཁན་གྲངས་༧༢༤༣༦་དང་། འདས་གྲོངས་སོང་བ་གྲངས་༡༨༦༨་དང་། དྲག་བསྐྱེད་བྱུང་བ་གྲངས་༡༢༥༥༢་དང། སྨན་པ་དང་སྨན་ཞབས་པ་༣༠༠༠་ལྷག་ལ་ནད་དུག་དེ་ཕོགས་ཡོད་འདུག འཛམ་གླིང་ཡོངས་ལ་ཏོག་དབྱིངས་ནད་དུག་ཕོགས་མཁན་གྲངས་༧༣༣༣༢་བྱུང་ཡོད་འདུག རྒྱལ་ཁབ་༢༦་ནང་ཏོག་དབྱིབས་ནད་དུག་ཁྱབ་ཡོད་འདུག ཐེ་ཝན་ནང་དུ་ནད་དུག་དེ་རྐྱེན་གྱིས་མི་གཅིག་འདས་གྲོངས་ཕྱིན་པ། དེ་བཞིན་ཉི་ཧོང་ནང་གཅིག ཧྥི་རན་སིར་གཅིག ཧྥི་ལི་པིར་གཅིག་བཅས་ད་བར་ཁྱོན་མི་གྲངས་༡༨༧༢་འདས་གྲོངས་སུ་ཕྱིན་ཡོད་འདུག

བོད་པ་ཚོས་ནད་ཡམས་དེ་སྔོན་འགོག་གི་ཆེད་དུ་འདུ་འཛོམས་དང་། ཆོས་མཇལ། ལོ་གསར་གཏོང་བ་བཅས་ལ་མཚམས་འཇོག་བྱས་ཡོད་པ་དང་། དེ་བཞིན་གྲོང་སྡེ་ཁག་ལ་ཕན་ཚུན་བསྐྱོད་རྒྱུའི་ལམ་ཁ་བཀག་ཡོད་འདུག དགོན་པའི་གྲྭ་པ་གཙོས་པའི་མི་དང་བླངས་ཁག་ཅིག་གིས་མི་མང་ལ་ཁ་རས་འགྲེམས་སྤེལ་དང་། དྲ་ལམ་ཁག་ནས་སྔོན་འགོག་གི་ཐབས་ལམ་སོགས་བརྒྱུད་སྐུར་བྱེད་བཞིན་འདུག

ཏོག་དབྱིབས་ཅན་གྱི་གློ་ནད་ནད་ཡམས་དེ་ནི་ཆམ་ནད་དང་འདྲ་བ་ཡིན་འདུག། དེའི་ནད་རྟགས་ནི་གློ་རྒྱག་པ་དང་། སྣ་ཆུ་འཛག་པ། ཚ་བ་འཕར་བ། མིད་པ་ཚ་བ་སོགས་ཡོང་གི་ཡོད་འདུག དེར་འགོག་ཐབས་ཁག་ནི། མི་མང་འདུ་འཛོམས་ཆེ་སར་མི་འགྲོ་བ། ཕྱིར་འགྲོ་སྐབས་ཁ་རས་རྒྱོབ་པ། ལག་པ་རྒྱུན་དུ་ལེགས་པོ་འཁྲུ་བ། བཅུད་ལྡན་གྱི་ཟས་ཟོས་ནས་ནད་འགོག་གི་མ་ལག་ཤུགས་ཆེ་རུ་གཏོང་བ། ཉེ་ཆར་རྒྱ་ནག་ནས་ཡོང་བའི་རྒྱ་རིགས་ཚོ་དང་ཐག་ཉེ་འབྲེལ་བ་མི་བྱེད་པ། ཆམ་ནད་རིགས་ཀྱི་ནད་རྟགས་ཐོན་རྗེས་སྨན་ཁང་དུ་བརྟག་དཔྱད་བྱེད་དགོས་པ་བཅས་ཡིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།