21
ཟླ་བ།, ཟླ་དགུ་པ།

༢༠༡༩་ལོའི་ཟླ་༡༢་ཚེས་༢༠་ཉིན། ཨ་རི་ཌེན་ཝེར་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་ཁག

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠ལོའི་ཟླ་༡་ཚེས་༢་ཉིན་སྤེལ། ཉེ་ཆར་ཨ་རི་ཌེན་ཝེར་གཙུག་ལག་སློབ་གཉེར་ཁང་གི་དགུན་ཁ་གུང་གསེང་གི་ལས་རིམ་ཁྲོད། སློབ་ཕྲུག་༡༣་དང་དགེ་རྒན་གསུམ་བཅས་བཞུགས་སྒར་རྡ་སར་བོད་ཀྱི་ཆོས་དང་རིག་གཞུང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་། བཙན་བྱོལ་བོད་མིའི་འཚོ་བ་བཅས་རྟོགས་ཆེད་སླེབས་ཡོད་པར་བཅར་འདྲི་བྱས་ཡོད། དེའི་སྐབས། སློབ་མ་ཧ་ན་ཡིས་རྒྱ་གཞུང་གི་བོད་མཐོ་སྒང་ནི་བཙོན་ར་ཞིག་ཏུ་བསྒྱུར་ཡོད་པའི་ཚོར་སྣང་བྱུང་། ཞེས་བརྗོད་སོང་།

དེ་ཡང་། ༢༠༡༩་ལོའི་ཟླ་༡༢་ཚེས་༡༥་ཉིན། ཨ་རི་ཌེན་ཝེར་གཙུག་ལག་སློབ་གཉེར་ཁང་ནས་དགུན་ཁའི་གུང་གསེང་གི་ལས་རིམ་དང་བསྟུན། དགེ་རྒན་དང་སློབ་མ་ཁག་ཅིག་ བདུན་ཕྲག་གཉིས་རིང་བཞུགས་སྒར་རྡ་སར་སླེབས་ནས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ནང་དུ་དང་བླངས་ཀྱིས་ལས་ཀ་བྱེད་ཞོར། བོད་མིའི་སྒྲིག་འཛུགས་དང་། བོད་པའི་སློབ་གྲྭ་ཁག དེ་བཞིན་ཚོགས་པ་དང་དགོན་པ་བཅས་ལ་ལྟ་སྐོར་ཕྱིན་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། བོད་དོན། བོད་ནང་གི་གནས་སྟངས། བོད་ཀྱི་ཆོས་དང་རིག་གཞུང་། བོད་པའི་སློབ་ཕྲུག་གི་གནས་སྟངས། བཙན་བྱོལ་བོད་མའི་འཚོ་བ་བཅས་ལ་རྒྱུས་ལོན་བྱས་ཡོད།

འདི་གའི་གསར་ཁང་དུ་དང་བླངས་བྱེད་མཁན་སློབ་མ་གཉིས་ཀྱིས་རང་ཉིད་དང་སློབ་གྲོགས་ཚོའི་མྱོང་ཚོར་སྐོར་ལ་བཅའ་འདྲི་ཁག་ཅིག་བྱས་ཡོད།

སློབ་མ་ཨན་ནེ་ཡིས་རྡ་སར་བསྡད་པའི་སྐབས་ཀྱི་རང་གི་མྱོང་ཚོར་ཐོག་འགྲེལ་བརྗོད་བྱེད་དོན། ཕྱི་རྒྱལ་བ་མང་ཆེ་བས་བོད་པ་ནི་གྲྭ་ཆས་སེར་པོ་གྱོན་པའི་གྲྭ་པ་དང་། སེམས་བཟང་། ཞི་བདེ་ལ་དགའ་བ་ཞིག་ཡིན་པར་ཤེས་པ་མ་གཏོགས། བོད་མིའི་དངོས་ཡོད་ཀྱི་སྡུག་བསྔལ་ཤེས་ཀྱི་མེད། བརྒྱུད་ལམ་མང་པོ་ཞིག་གིས་བོད་པའི་གནས་སྟངས་དེ་རྣམ་པ་གཞན་པ་ཞིག་ཏུ་བསྒྱུར་ཡོད། ཕྱི་རྒྱལ་ཁག་གི་ནང་དུ་བོད་པའི་གནས་སྟངས་ནི་སྣང་མེད་དུ་བཏང་ཡོད། ང་ཚོའི་མཐོ་སློབ་ཀྱི་ནང་དུ་རྡ་སར་བོད་ཀྱི་སྐོར་སྦྱོང་གི་མཁན་ཡོང་མཁན་ཉུང་ཉུང་རེད། འོན་ཀྱང་། ང་རང་ལ་མཚོན་ན། རྡ་སར་སླེབས་ནས་འདིར་བསྡད་པའི་དུས་ཚོད་ཐུང་ཐུང་ཡིན་རུང་། ཧ་ཅང་དོན་སྙིང་ལྡན་པ་ཞིག་ཆགས་སོང་། བོད་ཀྱི་སྐོར་ནས་ཧ་ཅང་མང་པོ་ཤེས་སོང་། འདིར་མ་སླེབས་གོང། ངས་བོད་ཀྱི་སྐོར་མང་པོ་མི་ཤེས། འདིར་སླེབས་ནས་མི་སྒེར་དང་གཏམ་བཤད་མཁན་ཚོའི་སྐད་ཆ་ཉན་རྗེས་བོད་དོན་ཐོག་གོ་རྟོགས་ཡག་པོ་སླེབས་སོང་། ཞེས་བརྗོད་སོང་།

དེ་ནས་སློབ་མ་ལི་ཛིི་ལགས་ཀྱིས་མོ་རང་གི་མྱོང་ཚོར་བརྗོད་དོན། རྒྱུན་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་པའི་ཐོག་འགྲེལ་བརྗོད་ལོག་པ་རྒྱག་བཞིན་ཡོད་འདུག རྡ་སར་སླེབས་ནས་ངས་བོད་པའི་སྐོར་མང་པོ་ཞིག་ཤེས་སོང་། བོད་མི་ཚོས་རྒྱ་གཞུང་གི་སྡུག་རྩུབ་ཀྱི་འོག་ཏུ་ཇི་ལྟར་སྡུག་བསྔལ་མྱོང་གི་ཡོད་པར་ཤེས་སོང་། ད་དུང་ངས་བོད་ཀྱི་ལོ་རྒྱུས་སྐོར་ཤེས་པ་མ་ཟད། མ་འོངས་པར་བོད་རྒྱ་གཞུང་ལས་རང་དབང་ཐོབ་ཐུབ་པའི་སྐོར་ཀྱང་ཤེས་སོང་། ཅེས་བརྗོད་སོང་།

གཞན་སློབ་མ་ཧ་ན་ལགས་ཀྱི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ལས་ཀ་བྱས་པའི་མྱོང་ཚོར་ཐོག་བརྗོད་དོན། རྒྱ་གཞུང་གིས་བོད་མི་རྣམས་ཀྱི་སྨྲ་བརྗོད་རང་དབང་བཀག་འགོག་བྱེད་ཀྱི་ཡོད་པར་མ་ཟད། ཆོས་དང་རིག་གཞུང་གི་ཐོག་ལའང་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པར་ཤེས་སོང་། དེ་བཞིན། རྒྱ་གཞུང་གི་འོག་བོད་མི་ཚོར་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པའི་རང་དབང་མེད་པ་དང་། རྒྱ་གཞུང་གིས་རྒྱ་མི་དགེ་རྒན་བོད་ནང་དུ་གཏོང་གི་ཡོད་འདུག བོད་ཀྱི་རིག་གཞུང་གིས་རྒྱ་མིར་གནོད་པ་གང་ཡང་བྱེད་ཀྱི་མེད་རུང་། རྒྱ་གཞུང་གིས་ད་དུང་ཡང་དེ་དག་རྩ་མེད་བཟོ་ཐབས་བྱེད་ཀྱི་འདུག བོད་ཀྱི་སྐད་ཡིག་གི་ཐོག་དོ་སྣང་བྱེད་པ་ཙམ་གྱི་རྒྱ་གཞུང་གིས་བོད་མི་འཛིན་བཟུང་བྱེད་ཀྱི་ཡོད་པ་དང་། རྒྱ་གཞུང་གིས་བོད་མཐོ་སྒང་ནི་བཙོན་ར་ཞིག་ཏུ་བསྒྱུར་ཡོད་པའི་ཚོར་སྣང་བྱུང་། ཞེས་བརྗོད་སོང་།

གཞན་ཡང་། སློབ་མ་ཨ་སི་ཡ་ལགས་ཀྱིས་བརྗོད་དོན། རྡ་སའི་འགྲུལ་བསྐྱོད་ཐུང་ཐུང་འདིའི་ནང་དུ། བོད་དང་རྒྱ་ནག་གི་སྐོར་ལ་མང་པོ་ཞིག་ཤེས་སོང་། དེའི་སྔོན། རྒྱ་ནག་ལྟ་བུ་སྟོབས་ཆེན་རྒྱལ་ཁབ་ཀྱིས་བོད་ཀྱི་མ་འོངས་པར་དེ་འདྲའི་ཁྱད་པར་བཟོ་ཡི་ཡོད་པ་མ་ཤེས། འོན་ཀྱང་། བོད་པ་ཚོ་དང་བོད་དོན་རྒྱལ་སྐྱོར་བ་ཚོས་རྒྱལ་ཁབ་དེར་ཁ་གཏད་བྱས་ནས་ལངས་ཀྱི་ཡོད་པར་མཐོང་དུས་དགའ་པོ་བྱུང་སོང་། དེ་བཞིན། བོད་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་དེ་ཚོས་བོད་པའི་འཐབ་རྩོད་ཐོག་ལས་ཀ་བྱེད་ཀྱི་ཡོད་པ་མཐོང་དུས། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་པ་དང་། མ་འོངས་པར་བོད་རང་དབང་ཐོབ་ཐུབ་པའི་རེ་བ་སྤྲད་སོང་། རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལ་རྩིས་སྲུང་མི་བྱེད་པར་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པར་མཐོང་དུས། རྒྱལ་སྤྱིའི་ཁྲིམས་དེ་ཚོ་ལག་ལེན་མ་བསྟར་ན་ཕན་ཐོགས་གང་ཡོད་བསམས་སོང་། ང་རྡ་སར་ཡོང་ནས་ཧ་ཅང་དོན་སྙིང་ལྡན་པ་དང་མི་ཚེ་ལ་འགྱུར་བ་ཐེབས་པའི་མྱོང་ཚོར་བྱུང་སོང་། ང་ཚོ་ཚང་མ་བོད་པའི་ཚོགས་པ་ཁག་གི་ནང་དུ་དུས་ཡུན་ཐུང་ཐུང་ནང་དུ་དྭང་བླངས་ཀྱི་ལས་ཀ་ཏོག་ཙམ་བསྒྲུབས་ཐུབ་པར་དགའ་པོ་བྱུང་སོང་། ཞེས་བརྗོད་སོང་།