15
Tue, Oct

བོད་ནང་ཡར་ཀླུང་གཙང་པོ་རྒྱུག་ཡུལ་ཀོང་པོ་ཉིང་ཁྲི་མངའ་ཁོངས་སྨན་གླིང་རྫོང་གི་གྲོང་གསེབ་ཀྱི་ས་ཁུལ་ཞིག་དུ་རི་ཉིལ་གནོད་འཚེ་བྱུང་བ།

བོད་ཀྱི་གསར་འགྱུར།
Typography

བོད་ནང་ཡར་ཀླུང་གཙང་པོ་རྒྱུག་ཡུལ་ཀོང་པོ་ཉིང་ཁྲི་མངའ་ཁོངས་སྨན་གླིང་རྫོང་གི་གྲོང་གསེབ་ཀྱི་ས་ཁུལ་ཞིག་དུ་རི་ཉིལ་གནོད་འཚེ་བྱུང་སྟེ། ཆུ་བོའི་རྒྱུག་ཡུལ་འགག་སྟེ་རྫིང་ཆུ་ཆགས་བཞིན་ཡོད་པ་དང་། དེའི་ཆུ་ཁ་ཤོར་བའི་ཉེན་ཁ་ཆེ་སྟབས། ཉེ་ཁུལ་མང་ཚོགས་རྣམས་ཉེན་གཡོལ་དུ་གནས་སྤོ་བྱེད་བཞིན་ཡོད་འདུག

དེ་ཡང་། ༢༠༡༨ལོའི་ཟླ་༡༠ཚེས་༡༧ཉིན། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཕད་གྲོང་རྡལ་རྒྱ་ལ་གྲོང་ཚོའི་ཉེ་འགྲམ་གྱི་ཡར་ཀླུང་གཙང་པོའི་གྲོག་རོང་དུ་རི་ཉིལ་གནོད་འཚེ་བྱུང་སྟེ། ཡར་ཀླུང་གཙང་པོའི་ཆུ་ལམ་བཀག་ནས་རྫིང་ཆུ་ཆགས་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཆུ་ཁ་ཤོར་བའི་ཉེན་ཁ་ཆེ་བས་ཉེ་འགྲམ་གྱི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད་འདུག དེ་ཡང་། ཁྱོན་མང་ཚོགས་༦སྟོང་ལྷག་གནས་སྤོ་བྱས་ཡོད་པ་དང་། གནོད་སྐྱོན་ཕོག་པའི་མང་ཚོགས་ཁྲི་གཅིག་ལྷག་ཟིན་སྐོར་བརྗོད་ཀྱིན་འདུག

བརྒྱུད་ལམ་ཁག་གིས་རྒྱ་ནག་གི་ཛ་དྲག་ལས་དོན་ཚན་པ་ལུང་འདྲེན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྨན་གླིང་རྫོང་གི་ས་ཁུལ་ལ་ས་རུད་བྱུང་བའི་རྐྱེན་གྱིས་གཙང་ཆུ་རྒྱུག་ཡུལ་འགག་སྟེ་རེས་གཟའ་ཕུར་བུའི་ཉིན། འདི་ཁུལ་དུ་ཆུའི་མཐོ་ཚད་ཕི་ཀྲི་༡༣༡བར་སླེབས་ཡོད་པ་དང་། ད་ལྟའི་ཆར་མི་མང་འཆི་སྐྱོན་དང་རྨས་སྐྱོན་ཕོག་པའི་དོན་རྐྱེན་བྱུང་མེད་ཀྱང་། མང་ཚོགས་༦༠༠༠ཙམ་ཉེན་གཡོལ་གྱི་ཆེད་དུ་གནས་སྤོ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

རི་ཉིལ་གྱི་གནོད་འཚེ་དེ་བྱུང་རྗེས། དྲ་ལམ་ནས་མང་ཚོགས་ཀྱིས་བརྗོད་པ་ལྟར་ན། དེ་ནི་རྒྱ་གཞུང་གིས་གང་བྱུང་དུ་ས་རྐོ་རྡོ་སློག་བྱས་ཏེ་གཏེར་ཁ་སྔོག་འདོན་སོགས་བྱས་པའི་རྐྱེན་གྱིས་ཡིན་ཚུལ་སོགས་ཀྱི་བསམ་ཚུལ་བརྗོད་ཀྱིན་འདུག

ཡར་ཀླུང་གཙང་པོ་ནི། རྒྱ་གར་བྱང་ཤར་ཨ་རི་ན་ཅལ་མངའ་སྡེ(Arunachal Pradesh)དང་། དེ་ནས་ཨ་སམ་(Assam) བཅས་བརྒྱུད་དེ། རྒྱ་གར་ནང་གཙང་ཆུ་དེར་རྟ་མཆོག་ཁ་འབབ(Brahmaputra)ཅེས་བརྗོད་ཀྱི་ཡོད་པ་དང་། རྒྱ་ནག་གིས་བོད་ནང་ཡར་ཀླུང་གཙང་པོར་ཆུ་རག་རྒྱབ་ཏེ་གཙང་ཆུ་རྒྱུག་ཡུལ་ལ་ཁ་ལོ་བསྒྱུར་ཐབས་བྱེད་བཞིན་པ་བཅས་ལ་རྒྱ་གར་གྱི་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གིས་བློ་འཚབ་བྱ་དགོས་པ་ཞིག་བཟོ་བཞིན་ཡོད་པ་རེད།

 

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།