19
Fri, Apr

བོད་སྟོད་ལུང་བདེ་ཆེན་དུ་ནག་ཚོགས་གཙང་སེལ་ལས་འགུལ་དང་བོད་མིར་འཇིགས་སྐུལ་གཏོང་བཞིན་པའི་པར། པར་དབང་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁོར་སྟོད་ལུང་བདེ་ཆེན་དུ་ཉེ་ཆར་"ནག་ཚོགས་གཙང་སེལ་དང་ཁྲིམས་འགལ་ལ་རྡུང་རྡེག ཟང་ཟིང་བཅོས་སྒྲིག་ཟེར་བའི་ལས་དོན་སྤེལ་ཡོད་པ་དང༌། "ཆོས་ལུགས་བེད་སྤྱོད་"ནས་རྒྱ་གཞུང་གི་ཁ་གཏད་དུ་ལངས་པའི་"ནག་ཚོགས་སྟོབས་ཤུགས་"སོགས་ཁ་འཁྱེར་ནས་ཡུལ་མི་རྣམས་བཀའ་རྒྱ་དྲག་པོའི་འོག་གནས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་༢༠༡༨ལོའི་ཟླ་༧་ནང་གནས་ཚུལ་འབྱོར་བ་ལྟར་ན། བོད་ཀྱི་རྒྱལ་ས་ལྷ་ས་དང་ས་ཐག་སྤྱི་ལེ་བཅུའི་སར་གནས་པའི་སྟོད་ལུང་བདེ་ཆེན་དུ་"ཁྲིམས་གཞིར་བཟུང་ནག་ཚོགས་སྟོབས་ཤུགས་ཀྱིས་ཁྲིམས་འགལ་ཉེས་གསོག་པར་རྡུང་རྡེག་ཚ་ནན་གཏོང་རྒྱུའི་བརྡ་ཁྱབ་བཏང་ཡོད་པ་དང་ལས་དོན་དེ་ད་ལྟར་ཚ་ཚ་འུར་འུར་ངང་སྤེལ་བཞིན་པ་རེད། ཅེས་གནས་ཚུལ་དུ་བཀོད་འདུག

འདི་ག་གསར་ཁང་དུ་གནས་ཚུལ་འཁོད་སྤྲོད་བྱེད་མཁན་ནས་གསུངས་དོན། "སྟོད་ལུང་བདེ་ཆེན་ཁུལ་གྱི་སྲིད་དང་ཁྲིམས་ལྷན་ཚོགས་དང་སྟོད་ལུང་བདེ་ཆེན་ཉེན་རྟོགས་ལས་ཁུང་ནས་༢༠༡༨ཟླ་༤་ནང་མཉམ་འབྲེལ་ཐོག་དོན་ཚན་༡༧ཡོད་པའི་ <ཁྲིམས་གཞིར་བཟུང་ནག་ཚོགས་སྟོབས་ཤུགས་ཀྱིས་ཁྲིམས་འགལ་ཉེས་གསོག་པར་རྡུང་རྡེག་ཚ་ནན་གཏོང་རྒྱུའི་ཁྱབ་བརྡ> ཞེས་པ་འགྲེམས་སྤེལ་བྱས་ཡོད་པ་དང་། དུས་དེ་ནས་བཟུང་། ནག་ཚོགས་གཙང་སེལ་ཞེས་པའི་ལས་འགུལ་དེ་མཚམས་མེད་པ་སྤེལ་བ་དང་མི་མང་རྣམས་ནས་དེར་མཐུན་འགྱུར་བྱེད་དགོས་པའི་བཙན་བཀའ་བཏང་འདུག"

ཆབ་སྲིད་དང་སྤྱི་ཚོགས་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་ནག་ཚོགས་སྟོབས་ཤུགས་དང་ཆོས་ལུགས་བེད་སྤྱད་ནས་མི་མང་ལ་མགོ་སྐོར་བ་དང་རྫུན་གཏམ་སྤེལ་ནས་རྒྱ་གཞུང་གི་ཁ་གཏད་དུ་ལངས་པའི་ནག་ཚོགས་སྟོབས་ཤུགས་སོགས་ཁྲིམས་འགལ་ཉེས་གསོག་བྱེད་པ་རྣམས་མཐོང་ཐོས་བྱུང་བ་འབྲེལ་ཡོད་ལ་སྙན་སེང་ཞུ་དགོས་པ་སོགས་གསལ་འདུག

འབྲེལ་བརྗོད་པས་མུ་མཐུད་ནས་གསུངས་དོན། རྒྱ་གཞུང་གིས་༢༠༡༨ལོའི་ཟླ་༤པ་ནས་སྟོད་ལུང་བདེ་ཆེན་ས་ཁུལ་ཡོངས་ལ་ནག་གཙང་སེལ་འཐབ་རྩོད་ལས་འགུལ་སྤེལ་བ་དང་སྙན་སེང་ཞུ་མཁན་རྣམས་ལ་བྱ་དགའ་སྤྲོད་རྒྱུ། གཞན་ཡང་བོད་མི་ནག་ཉེས་ཡོད་མཁན་རྣམས་ལ་ཟླ༨་པའི་ཚེས་༡སྔོན་དུ་ངེས་པ་དུ་རང་འགུལ་ངང་ངོ་ལེན་བྱེད་དུ་ཡོང་དགོས་པ། དེར་གུས་ཡངས་ངང་ཐག་གཅོད་བྱ་རྒྱུ། དུས་མཚམས་དེའི་ནང་ངོ་ལེན་ཞུ་བར་མ་ཡོང་ན་ཁྲིམས་ཐད་ཚབས་ཆེན་གཅོད་རྒྱུ་ཡིན་ཚུལ་འཇིགས་སྐུལ་དྲག་པོའི་ངང་ཕྱིར་བསྒྲགས་བྱས་སོང༌།

སྟོད་ལུང་བདེ་ཆེན་དུ་ནག་ཚོགས་གཙང་སེལ་འཐབ་རྩོད་ལས་འགུལ་ཟེར་བ་འདིས་བོད་མི་རྣམས་ལ་དངངས་སྐྲག་དང་འཇིགས་སྣང་འོག་ཏུ་གནས་དགོས་པ་ཆགས་ཡོད་ཅིང༌། དངོས་གནས་ནག་ཚོགས་སྟོབས་ཤུགས་ནི་རྒྱ་གཞུང་རང་ཡིན་པས། གཞུང་དེས་མི་མང་ཡི་བདེ་འཇགས་དཀྲུགས་ནས་སྤྱི་ཚོགས་ལ་བདེ་འཇགས་མེད་པ་བཟོ་བཞིན་འདུག རྒྱལ་ཁབ་ཡག་པོ་ཞིག་ཡིན་ན་མི་སེར་རྣམས་ཉིན་ལྟར་འཇིགས་སྣང་འོག་ཏུ་འཚོ་མི་བཅུག ཅེས་སེམས་སྡུག་ཆེན་པོའི་ངང་འབྲེལ་བརྗོད་པས་གསུངས་སོང་།།