25
Thu, Apr

འདི་ལོའི་ཀིརྟིའི་གདན་ས་གོང་འོག་གི་ཕར་ཕྱིན་དབྱར་ཆོས་ཆེན་མོའི་སྐབས་སུ་ནང་དོན་རིག་པའི་རྩོད་གླེང་གནང་བཞིན་པ། པར་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་དུ་འབྱོར་བའི་གནས་ཚུལ་ལྟར་ན། ཀིརྟིའི་གདན་ས་གོང་འོག་གི་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཐེངས་དྲུག་པ་དེ་བཞིན་ཕྱི་ལོ་༢༠༡༨ཟླ་༦ཚེས་༢༩ཉིན་རྔ་པ་ཀིརྟི་དགོན་དུ་འགོ་འཛུགས་ཀྱིས་ཟླ་འདིའི་ཚེས་༢༠ཡོངས་སུ་གྲུབ་ཡོད་འདུག

དེ་ཡང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས་གཉིས་ནས་༢༠༡༨ལོའི་ཟླ་༧ཚེས་༢༤​ཉིན་དེའི་སྐོར་འགྲེལ་བརྗོད་གནང་དོན། "སྤྱིར་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཞེས་པ་ནི་སྔ་མོ་ཡུལ་དབུས་ཀྱི་གདན་ས་ཆེན་པོ་གསང་ཕུར་ཕར་ཕྱིན་དབྱར་ཆོས་ལ་རྭ་སྟོད་སྨད་དང་དགའ་ལྡན་ཤར་རྩེ་གྲྭ་ཚང་སོགས་རིས་མེད་དགོན་སྡེ་ཁག་དུ་མ་ནས་སློབ་གཉེར་བ་ཆེས་མང་བོ་རང་དབང་གིས་འདུ་འཛོམས་ཀྱིས་བསྟན་བཅོས་མངོན་རྟོགས་རྒྱན་རྩ་གཞུང་དུ་བྱས་ནས་ཕར་ཕྱིན་ཐེག་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་དམིགས་བསལ་ཐོས་བསམ་སློབ་གཉེར་གནང་རྒྱུའི་ལུགས་སྲོལ་ཞིག་ཡོད་པ་རེད།" ཅེས་དང༌།

"དུས་འགྱུར་གྱི་རླུང་འཚུབ་འོག་མིང་གི་ལྷག་མར་གྱུར་ཟིན་པར་ཀུན་ལ་མངའ་གསལ་ལྟར་ལགས་ཤིང༌། གསང་ཕུའི་ཕར་ཕྱིན་དབྱར་ཆོས་ཞེས་པའི་མིང་དང་སྦྲེལ་ནས་ྋརོང་ཆེན་བསྟན་པའི་སྒྲོན་མེ་ྋསྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་བསྩལ་གནང་མཛད་ཅིང་ཀིརྟིའི་གདན་ས་ཁག་གིས་ལག་ལེན་བསྟར་བཞིན་པའི་བཅའ་ཡིག་རིན་པོ་ཆེ་བློ་གསལ་འཇུག་ངོགས་ཀྱི་དགོངས་དོན་ལྟར་ཐོས་བསམ་སློབ་གཉེར་ཆེད་ཁོ་ནར་དམིགས་ཏེ་ཀིརྟིའི་དགོན་ཁག་གིས་དབུ་འཛུགས་གནང་བའི་ཕར་ཕྱིན་དབྱར་ཆོས་ནི་འདི་ལོ་ཚོགས་ཐེངས་དྲུག་པ་ཆགས་ཡོད།" ཅེས་གསལ་འདུག

དེ་ཡང་ཁོང་གིས་མ་མཐུད་གསུངས་དོན། "ཀིརྟི་ཚང་གི་གདན་ས་ཆེ་ཁག་སྟག་ཚང་ལྷ་མོ་ཀིརྟི་དགོན། རྔ་པ་ཀིརྟི་དགོན། ཚོ་བདུན་ཀིརྟི་དགོན། ཧོར་ཚང་ཀིརྟི་དགོན་བཞིའི་ཕར་ཕྱིན་ལོ་རིམ་གཉིས་པ་ནས་ལྔ་བའི་བར་གྱི་འཛིན་གྲྭ་བཞིའི་སློབ་གཉེར་བ་གང་ཡོད་ལྷན་འཛོམས་ཀྱིས། གདན་ས་ཆེ་ཁག་བཞིར་རེས་མོས་བྱས་ནས་ཞྭ་སེར་བསྟན་པའི་མངའ་བདག་ྋམཉམ་མེད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་ཐོག་དམིགས་བསལ་གྱི་སློབ་གཉེར་གནང་རྒྱུའི་ཉིན་ཉི་ཤུའི་རིང་ཚོགས་དགོས་པའི་ཉི་ཤུའི་ཆོས་ཐོག་ཞིག་ཡིན་ལ། དེར་མཆོད་བརྗོད་འཛིན་གྲྭ་དང༌། སྒྲོ་སྐུར་ངོས་འཛིན་གྱི་འཛིན་གྲྭ། དགག་བྱ་ངོས་འཛིན་གྱི་འཛིན་གྲྭ། རང་རྒྱུད་པའི་འཛིན་གྲྭ་བཅས་འཛིན་གྲྭ་བཞི་དང༌། ད་ལོ་དབུ་མ་ཐལ་འགྱུར་པའི་འཛིན་གཅིག་གསར་སྣོན་བྱས་པ་བཅས་ལྔ་ལ་བགོས་ཤིང༌། ཚོགས་སྟངས་ནི་ཉིན་རེ་བཞིན་ཞོགས་ཆོས་དང༌། ཉིན་ཆོས། དགོང་མོའི་ཆོས་ར་བཅས་ཉིན་རེར་དུས་ཚོད་ལྔ་ཙམ་ལ་རྩོད་གྲྭ། ཉིན་བདུན་རེའི་མཚམས་སུ་མཚན་ཕྱེད་དམ་བཅའ་རེ་དང༌། ཆོས་ཐོག་གི་ཉིན་མཐའ་མའི་མཚན་མོར་དྲང་ངེས་མཚན་ཕུད་དམ་བཅའ་ཆེན་མོ་ཚོགས་དགོས་ཀྱི་ཡོད་འདུག" ཅེས་གསུངས་སོང༌།

"ད་ལོ་ཡང་གོང་གསལ་དགོན་ཁག་བཞིའི་ཕར་ཕྱིན་ལོ་རིམ་གཉིས་པ་ནས་ལྔ་པའི་བར་གྱི་སློབ་གཉེར་པ་སུམ་བརྒྱ་ལྷག་དང༌། གཞན་ཡང་གདན་ས་ཁག་གི་ཁྲི་བ་དང་མཁན་པོ་དཔེ་ཁྲིད་དགེ་རྒན་བཅས་ཆེད་ཕེབས་ཀྱིས་ཉིན་ལྟར་རྩོད་གྲྭར་གཟིགས་རྟོག་དང་གཞུང་ལུགས་ཀྱི་དཀའ་གནད་ཁག་ལ་ལུང་རིགས་ཀྱིས་བརྒྱན་པའི་བརྒལ་བརྟགས་ཀྱི་རྩོད་པའང་གནང་ཡོད་ཅིང༌། ཆོས་ཐོག་རིང་དགེ་བཤེས་རྒྱུགས་སྤྲོད་ཆེན་མོར་འགྲོ་བཞིན་པའི་སློབ་གཉེར་པ་བཅུ་ཡོད་པ་རྣམས་ཀྱིས་དྲང་ངེས་གྲྭ་སྐོར་དམ་བཅའ་ཁག་སྔ་ཕྱི་ལྟར་དབྱར་ཆོས་སྐབས་བཞག་ཡོད་འདུག"

"ད་ཐེངས་ཀྱི་ཆོས་ཐོག་རིང་ཕྱོགས་སོ་སོ་ནས་ཕེབས་པའི་དགེ་འདུན་པ་རྣམས་ཀྱི་བཞུགས་གནས་དང་བཞེས་ལག་སོགས་མཐུན་རྐྱེན་གང་དགོས་རྔ་པ་ཀིརྟི་དགོན་པ་གཞུང་དང་གྲྭ་པ་སྒེར་བཅས་ནས་གང་ལེགས་བསྐྲུན་ཡོད་པ་དང༌། ལོ་བཞི་རེའི་མཚམས་སུ་ཐེངས་རེ་འཁོར་བཞིན་ཡོད་པ་ལྟར་རྔ་པ་ཀིརྟི་དགོན་དུ་ཕར་ཕྱིན་དབྱར་ཆོས་ཚོགས་ཐེངས་གཉིས་པ་ཡིན་འདུག" ཅེས་གསུངས་སོང་བ་བཅས་ཀྱི་གནས་ཚུལ་དུ།