20
Sat, Apr

བོད་ནང་དུ་བྲག་བརྐོས་རི་མོ་གསར་རྙེད་བྱུང་།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཁ་སང་ཕྱི་ཚེས ༡༠ ཉིན་ཆབ་མདོ་ས་ཁུལ་བྲག་གཡབ་རྫོང་ཨ་ཚུར་ཡུལ་ཚོའི་ལེ་ཆུ་དང་གསེར་ཆུ་འདྲེས་མཚམས་ཀྱི་ཨ་ཅོག་བྲག་སྣའི་རི་ངོས་ཤིག་ཏུ། དུས་རབས་༩ པ་སྟེ་བོད་བཙན་པོའི་དུས་སྐབས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྲག་བརྐོས་རི་མོ་ཞིག་གསར་རྙེད་བྱུང་ཡོད་འདུག

རི་མོ་དེ་ཐོག་མར་ཡུལ་དེའི་ལམ་བཟོ་བ་ཚོས་རི་ངོས་ཀྱི་རྡོ་གཏོར་སྐབས་རྙེད་ཡོད་པ་དང་། ཞིབ་འཇུག་པ་ཚོས་སྐུ་བརྙན་དེ་ཕལ་ཆེར་ལོ་ངོ ༡༢༠༠ ལྷག་གི་ཡར་སྔོན་དུ་བྱུང་བ་དང་། སྐུ་བརྙན་དེའི་སྤྱིའི་ཆེ་ཆུང་ལ་བྲག་ངོས་ལས་རིང་ཚད་མི་ཊར་ ༡༠ དང་། བཟོ་བཀོད་ཀྱི་དབྱིབས་སོགས་ལས་རི་མོ་དེ་བོད་བཙན་པོའི་སྐབས་ཀྱི་དུས་རབས་༩ པའི་ནང་བྱུང་སྐོར་བརྗོད་འདུག

བོད་ཀྱི་གནའ་རྫས་རིག་དཔྱད་པ་དང་ལྷ་ས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་གླིང་གི་ཤར་རྒན་དབང་འདུས་ལགས་ཀྱིས། བྲག་བརྐོས་འདི་ལས་བྲག་གཡབ་རྫོང་གི་ལྷོ་རྒྱུད་དང་སྨར་ཁམས་རྫོང་གི་བྱང་རྒྱུད་ཁུལ་གྱི་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་རྡོ་བརྐོས་རིག་གནས་ཀྱི་སྦྲེལ་ཐག་ལྟ་བུ་རྙེད་པ་དང་ཆབས་ཅིག ས་བབ་མཐོ་ཁུལ་དུ་གནས་པའི་ཨ་ཅོག་བྲག་སྣའི་བརྐོས་རིས་འདི་ནི་ལྷོ་བྱང་གི་འགྲིམ་འགྲུལ་མཐུད་མཚམས་ཚིགས་ལྟ་བུ་ཡིན་པས། བོད་མཚོ་བོད་ས་མཐོའི་ཤར་རྒྱུད་ཀྱི་བོད་བཙན་པོའི་དུས་ཀྱི་བྲག་བརྐོས་སྐུ་བརྙན་ཁྱབ་ཁོངས་སྔར་བས་ཆེ་རུ་ཕྱིན་ནས་ཐུ་བྷོད་ཀྱི་ནང་བསྟན་སྒྱུ་རྩལ་དང་། བོད་ཤར་གྱི་ས་གནས་ལོ་རྒྱུས། ཐུ་བྷོད་ཀྱི་འགྲིམ་འགྲུལ་ལོ་རྒྱུས་སོགས་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་རྒྱུར་དཔྱད་གཞི་རྩ་ཆེན་མཁོ་འདོན་བྱས་ཡོད་པ་རེད། ཅེས་བརྗོད་འདུག

ཕྱི་ལོ་༢༠༠༤ ལོ་ནས་གནའ་རྫས་དང་ས་འོག་ཅ་དངོས་རྟོག་ཞིབ་པ་ཚོས་བོད་ནང་གི་ས་ཆ་འདྲ་མིན་དུ་གནའ་རབས་ཀྱི་བྱ་དངོས་ཁྱོན་༥༠༠༠ ལྷག་གསར་རྙེད་བྱུང་ཡོད་པ་དང་། ཅ་དངོས་དེ་དག་གི་གཟུགས་དབྱིབས་དང་བཟོ་བཀོད། བརྐོས་རིས་ཁྱད་ཆོས་འདྲ་མིན་རིགས་དང་དུས་རབས་དང་ལོ་ཚད་རིགས་འདྲ་མིན་བྱུང་ཡོད་པ་རེད། ཆེས་གྲགས་ཆེ་བའི་གནའ་རྫས་གཅིག་ནི་ལྕགས་པོ་རི་ནས་བྲག་བརྐོས་རི་མོ་ཞིག་ཡིན་པ་དང་། ཞིབ་འཇུག་པ་ཚོས་རི་མོ་དེ་དུས་རབས་ ༧ པའི་ནང་བྱུང་བར་བརྗོད།