24
Wed, Apr

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༢།༢༢ཉིན་སྤེལ།
བོད་ཀྱི་གསོ་རིག་ཆེད་མཁས་པ་དང་བོད་སྨན་གསར་གཏོད་པ་དགེ་བའི་གཤེས་གཉེན་ཆེན་མོ་ཨ་ཁུ་བསྟན་ཁོའམ་བསྟན་འཛིན་དོན་འགྲུབ་མཆོག་མཛོད་དགེ་རྫོང་བཞག་ལྡོམ་ཡུལ་ཚོའི་བཤད་སྒྲུབ་ནོར་བུའི་གླིང་དགོན་པའི་ནང་སྐུ་གྲོངས་ཡོད་འདུག

འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར། ནམ་རྒྱུན་བོད་ཀྱི་སྨན་རམས་པ་ཆེན་མོ་ཁོང་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་བཞུགས་ཡོད་པ་དང་། བོད་ཀྱི་ལོ་གསར་དང་བསྟུན་ཕྱི་ཚེས་ ༡༨ ཉིན་མཛོད་དགེ་རྫོང་ཁོངས་ཀྱི་ཕ་ཡུལ་བཞག་ལྡོམ་ཡུལ་ཚོའི་དགོན་པར་ཕེབས་འབྱོར་བྱུང་ཡོད་པ་དང་། ཕྱི་ཚེས་ ༡༩ ཉིན་དགོན་པའི་གྲྭ་བ་རྒན་རིམ་པ་ཚོར་ཁ་ཏ་བསླབ་བྱ་དང་ཞལ་ཆེམས་རེ་གནང་ཡོད་ཚོད་འདུག་ཀྱང་། ཞལ་ཆེམས་ཀྱི་ནང་དོན་སོགས་ཅི་ཡིན་གསལ་བོ་ངེས་མ་བྱུང་། ཉིན་དེའི་ཕྱི་དྲོར་རང་ཤག་ཏུ་སྐུ་གྲོངས་ཡོད་པ་དང་། སྐུ་གདུང་ལ་བཞུགས་ཡོད་པ་བཤད་ཀྱི་འདུག ཅེས་བརྗོད་བྱུང་།

བོད་ཀྱི་གསོ་རིག་ཆེད་མཁས་པ་བསྟན་ཁོ་ལགས་ནི། ཕྱི་ལོ་༡༩༣༣ལོར་བོད་ཤར་ཕྱོགས་མཛོད་དགེ་ཤོག་ཆེན་བཅུ་གཉིས་ཀྱི་ནང་ཚུད་བཞག་ལྡོམ་ཡུལ་ཚོ་རུ་སྐུ་འཁྲུངས་ཤིང་། དགུང་ལོ ༧ སྟེང་མཛོད་དགེ་ཁང་གསར་དགོན་པ་རུ་ནང་ཆོས་དང་བོད་ཀྱི་གསོ་རིག་ལ་སློབ་གཉེར་གནང་། ཕྱི་ལོ་   ༡༩༤༩ལོར་བསང་ཆུ་རྫོང་ཁ་གྱ་རུ་བོད་ཀྱི་སྨན་པ་གྲགས་ཅན་ཨ་ཁུ་བསྟན་པའི་མདུན་དུ་གསོ་རིག་ལ་སློབ་གཉེར་གནང་ཡོད་པ་དང་། ཕྱི་ལོ་༡༩༥༦ནས༡༩༥༩བར་བླ་བྲང་བཀྲིས་འཁྱིལ་དུ་ཚད་མ་སོགས་གཞུང་ཆེན་པོ་ཏི་ལྔ་ལ་སློབ་གཉེར་གནང་སྟེ་བསླབ་པ་མཐར་སོན་ནས་དགེ་བཤེས་ཀྱི་མཚན་གནས་བཞེས། ཕྱི་ལོ་༡༩༦༠ལོ་ནས་ཕ་ཡུལ་མཛོད་དགེ་རྩྭ་ཐང་དུ་ཕྱིར་ཕེབས་ཏེ་བོད་ཀྱི་གསོ་བ་རིག་པའི་ཐོག་ཕྱག་ལས་གནང་མགོ་བཙུགས།

བོད་ལུགས་སྨན་གསོ་རིག་པའི་འཆད་འཁྲིད་གདན་ཞུས་ལྟར་ཁོང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་གཙོས་ས་ཁུལ་མང་པོའི་ནང་གསོ་རིག་འཆད་འཁྲིད་གནང་ཡོད་པ་མ་ཟད། སྔ་གཞུག་ཏུ་བོད་ཀྱི་གསོ་རིག་རིག་གཞུང་ལག་ལེན་ཟུང་འབྲེལ་གྱིས་བོད་ཀྱི་གསོ་རིག་སློབ་ཁྲིད་དཔྱད་གཞིའི་ཆེད་ཡིག་འབྲུ་ཁྲི་ ༧༨ ཙམ་ཡོད་པའི་དེབ་ ༡༣ བརྩམས་ཡོད་པ་དང་། ཕྱི་ལོ་ ༡༩༧༤ ལོར་བོད་སྨན་འཛིན་གྲྭ་ཞིག་བཙུགས་ཏེ་ད་ལྟ་བར་དུ་ཁོང་གི་ཕ་ཡུལ་དང་བོད་ཡུལ་གྱི་ས་གནས་གཞན་ནས་ཡོང་བའི་སློབ་གཉེར་བ་ ༢༡༠༠ ལྷག་བསྐྱངས་ཡོད་པ་དང་། དེའི་ཁྲོད་ནས་ཚད་ལྡན་སྨན་པ་ ༢༦༠ ཙམ་གྱིས་ད་ལྟ་བོད་ཁུལ་གྱི་ས་ཆ་མང་པོ་ན་སྨན་གྱི་ཕྱག་ལས་གནང་གི་ཡོད་འདུག  ཕྱི་ལོ་༡༩༨༣ ཟླ་ ༥ བའི་ནང་ཟི་ལིང་གྲོང་ཁྱེར་དུ་ཚོགས་པའི་རྒྱ་ནག་རྒྱལ་རྒྱལ་ཡོངས་ཀྱི་བོད་སྨན་སློབ་དེབ་རྩོམ་སྒྲིག་ཚོགས་འདུའི་ཐོག བོད་ཀྱི་གསོ་རིག་ཆེད་མཁས་པ་བསྟན་ཁོ་ལགས་ཀྱི་བོད་སྨན་གསོ་རིག་འཁྲིད་གཞིའི་བསླབ་དེབ་ལ་བོད་ཁུལ་གྱི་གསོ་རིག་སྨན་པ་མང་པོས་གདེང་འཇོག་ཆེན་པོ་གནང་ཡོད་འདུག

ཁོང་གིས་བོད་ལུགས་གསོ་རིག་ཞིབ་འཇུག་ལག་ལེན་དུ་བསྟར་ཏེ་མུ་ཏིག་བདུན་བཅུ་པ་དང་ཤྰ་སའི་བདེ་བྱེད་ཀུན་ཕན་སོགས་སྨན་སྣ་མང་པོ་གསར་གཏོད་བྱས་ཡོད་པ་དང་། ཕྱི་ལོ་༡༩༨༩ ལོར་མུ་ཏིག་བདུན་བཅུ་པ་ཞེས་པར་རྒྱ་ནག་གིས་སྤྲོད་བཞིན་པའི་ཀྲུང་ལུགས་ཚན་རྩལ་ཡར་རྒྱས་ཟེར་བའི་བྱ་དགའ་ཨང་གསུམ་པ་ཐོབ། ཕྱི་ལོ་ ༢༠༠༢ ལོར་ཁོང་གིས་གསར་གཏོད་མཛད་པའི་ཤྰ་སའི་བདེ་བྱེད་ཀུན་ཕན་ཞེས་པར་དུས་རབས་ ༢༡ པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་འདུ་བའི་རྒྱལ་སྤྱིའི་གསོ་རིག་འགྲེམས་སྟོན་སྟེང་གསེར་གྱི་གླང་ཆེན་སྟེ་གཟེངས་རྟགས་ཨང་དང་པོ་ཐོབ།

ཁོང་ལ་སྔ་གཞུག་དུ་རྒྱལ་སྤྱི་དང་བོད། རྒྱ་ནག་བཅས་ནས་གཟེངས་རྟགས་རིམ་པར་ཐོབ་ཡོད་པ་དང་སྦྲགས། རྒྱ་ནག་རྒྱལ་ཡོངས་སྐབས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་ཕྱི་ལུགས་གསོ་རིག་ཆེད་མཁས་རིག་གཞུང་ཉམས་མྱོང་གི་དགེ་རྒན་ཆེན་མོ་དང་ཞིང་ཆེན་རིམ་པའི་དགེ་རྒན། འཕྲོད་བསྟེན་ལྷན་ཁང་གི་བོད་སྨན་ཆེད་མཁས་པ། སི་ཁྲོན་ཞིང་ཆེན་གྱི་སྨན་པ་གྲགས་ཅན་དང་། སི་ཁྲོན་ཞིང་ཆེན་གྱི་སྨན་པ་ཆེན་པོ་བཅུའི་ནང་ཚུད་བཅས་ཀྱི་མཚན་སྙན་ཐོབ།

དེ་བཞིན་ཁོང་གིས་རྒྱ་ནག་གསོ་རིག་སྨན་རྫས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། སི་ཁྲོན་ཞིང་ཆེན་ཕྱི་ལུགས་ཆེད་ལས་ལག་རྩལ་མཐོ་རིམ་གོ་ཐོབ་ཞིབ་བཤེར་མི་རིགས་ཚོགས་པའི་ཚོགས་གཙོ། རྒྱ་ནག་རྒྱལ་ཡོངས་ཕྱི་ལུགས་ཆེད་མཁས་རིག་གཞུང་ཉམས་ལེན་རྒྱུན་འཛིན་ལས་ཀའི་ཕུལ་བྱུང་སྣེ་ཁྲིད་དགེ་རྒན། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་རིག་གཞུང་ཚོགས་པའི་ལག་བསྟར་འགན་འཛིན་གཞོན་པ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་མཚན་འཛིན་གཙོ་གཉེར་བ། མཚོ་སྔོན་བོད་སྨན་ཁང་དང་ཀན་སུའུ་ཕྱི་ལུགས་སློབ་གླིང་གི་མཚན་འཛིན་སློབ་དཔོན། ཁྲིན་ཏུའུ་ཕྱི་ལུགས་སློབ་ཆེན་གྱི་མཚན་འཛིན་སློབ་དཔོན་ཆེན་མོ། རྔ་བ་ཁུལ་བོད་སྨན་ཁང་དང་བོད་སྨན་ཞིབ་འཇུག་ཁང། མཛོད་དགེ་བོད་སྨན་ཁང་དང་བོད་སྨན་ཞིབ་འཇུག་ཁང་སོགས་བཅས་ཀྱི་དབུ་འཛིན་གནང་ཡོད་འདུག

ཁོང་གློ་བུར་སྐུ་གྲོངས་རྗེས་བོད་ཡུལ་ཕྱི་ནང་དུ་ཡོད་པའི་སྨན་པ་དང་ཤེས་ཡོན་པ། དེ་བཞིན་མི་མང་དཀྱུས་མ་མང་པོས་མྱ་ངན་ཞུ་ཡི་ཡོད་པ་དང་འབྲེལ།  ཁོང་ནི་ཁེ་འདོད་གྲགས་འདོད་མེད་ཅིང་སྐུ་ཚེ་ཧྲིལ་པོར་བོད་ཀྱི་གསོ་བ་རིག་པ་དང་། ནད་མནར་བ་རྣམས་ཀྱི་ཆེད་དུ་བཏང་གནང་བའི་སྐྱེས་བུ་དམ་པ་ཞིག་ཡིན་སྐོར་བརྗོད་ཀྱི་འདུག  ཁོང་ལ་ཐུན་མོང་མ་ཡིན་པའི་ནད་རིགས་དཔྱད་བཅོས་ཀྱི་ཁྱད་ཆོས་ལྡན་ཞིང་། ཁོང་གིས་གསར་གཏོད་གནང་བའི་ཤཱ་སའི་མཆིན་བདེ་རིལ་བུ་ཡིས་མཆིན་པའི་ནད་པ་མང་པོ་དྲག་སྐྱེད་བྱུང་ཡོད་པ་དང་། དེ་བཞིན་གློ་གཅོང་སོགས་ཀྱི་གསོ་བཅོས་ལའང་ཕན་འབྲས་བླ་མེད་བྱུང་ཡོད་འདུག