16
Tue, Apr

༢༠༡༨ ཟླ་ ༠༣ ཚེས་ ༠༢ ཉིན་སྤེལ། བོད་ཆོལ་ཁ་གསུམ་ལ་དངོས་གནས་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཤེས་སོང་ངམ། ཅེས་བཀའ་སྩལ་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠ ཐོག  བཞུགས་སྒར་ངྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རེའི་ནང་དུ།  ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཆོལ་འཕྲུལ་སྨོན་ལམ་ཆེན་མོ་དང་སྟབས་བསྟུན་གྱིས་སྐྱེས་རབས་དང་རྟེན་འབྲེལ་སྟོད་པའི་བཤད་ལུང་རང་རིགས་སེར་སྐྱ་མི་མང་གཙོས་ཡུལ་གྲུ་གཞན་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ ༣༠༠༠ ལྷག་ལ་ཆོས་འབྲེལ་སྩལ་སོང་།

དེ་ཡང་༧རྒྱལ་བའི་དབང་པོ་མཆོག་གིས་ཐོག་མར་བཀའ་སློབ་ལམ་སྟོན་སྩལ་དོན། "ལྷ་དང་གནོད་སྦྱིན། ལྷ་མ་ཡིན། འབྱུང་བོའི་རོ་ལངས་ནག་པོའི་ཕྱོགས་དང་བཅས་པས་བདེ་སྐྱིད་འདོད་ཀྱི་ཡོད་ཅིང་། བདེ་སྐྱིད་ཡོང་བའི་རྩ་བ་ནི་སེམས་ལ་རག་ལས་པ་དང་། སྲིད་པའི་འཁོར་བ་ལས་ཐར་སྟེ་ཐར་བའི་གོ་འཕང་ཐོབ་ཟེར་བ་ནི་དུས་ངེས་ཅན་ཞིག་འགོར་དགོས་པས་ན་ལས་སླ་བོ་མ་རེད། ཡིན་ནའང་། ཉིན་རེའི་བསམ་བློ་གཏོང་སྟངས་ཀྱིས་སེམས་སུ་ཞི་བདེ་བསྐྲུན་པར་ཐབས་ཤེས་ཡོད་པ་རེད། ཆོས་ཁས་ལེན་མཁན་དང་མི་ལེན་མཁན་གང་ཡིན་ཀྱང་སེམས་ཀྱི་བདེ་སྐྱིད་འདོད་ཀྱི་ཡོད་པ་ཡིན་དུས། སེམས་ནང་གི་འཇིགས་སྣང་། ཁོང་ཁྲོ། དོག་པ་སོགས་ཀྱིས་མ་སྐྱིད་པ་བཟོ་ཡི་ཡོད་ཅིང་། མ་སྐྱིད་པ་བཟོ་མཁན་ནི་སོ་སོའི་སེམས་རྒྱུད་མ་བཏུལ་བའི་དབང་གིས་རེད། དེ་ལ་ཉོན་རྨོངས་ཞེས་མིང་བཏགས་ཡོད་པ་དང་། ལོ་ངོ་སྟོང་ཕྲག་གསུམ་ལྷག་གི་སྔོན་ནས་རྒྱ་གར་དུ་བདེ་བ་ནི་སེམས་ཀྱི་ཞི་བདེ་གཙོ་བོར་བརྩིས་ཏེ། ཕྱི་དངོས་པོའི་ཡར་རྒྱས་གཙོ་བོར་མ་བཟུང་པར་ནང་སེམས་རྒྱུད་འདུལ་བར་ཉོན་རྨོངས་དམིགས་བཟུང་ཡོད་ཅིང་། ཉོན་མོངས་པའི་ཉེས་པ་སེལ་བར་བྱེད་སྟངས་དེ་རང་རྒྱུད་ལ་ཉོན་མོངས་མི་ཡོང་བར་བཅོམ་ལྡན་འདས་ཀྱིས་བྱིན་རླབས་གནང་རོགས་གནང་ཞེས་ཟེར་རྒྱུ་ཡོད་པ་མ་རེད། ཅེས་སོགས་ནང་པའི་གཞུང་ལས་གསུངས་པའི་ཞི་བདེའི་སྐོར་དང་། དེང་རབས་ཚན་རིག་པས་བརྟག་དཔྱད་བྱས་པའི་གྲུབ་དོན་ཡོད་པ་རེད།" ཅེས་དང་།

ཡང་སྐྱེས་རབས་དང་རྟེན་འབྲེལ་སྟོད་པའི་བཤད་ལུང་གྲུབ་རྗེས། "ཡུལ་ལུང་གི་ཆ་ནས་བོད་ཆོལ་ཁ་གསུམ་དམ་ཚིག་འོ་ཆུ་གཅིག་འདྲེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཆོས་བརྒྱུད་ཀྱི་ཆ་ནས་ས་དགེ་བཀའ་རྙིང་བོན་ཇོ་ནང་དང་བཅས་པ་ཚང་མ་དམ་ཚིག་འོ་ཆུ་གཅིག་འདྲེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། རྒྱ་གར་ལ་བར་སྐབས་ཡག་ཐག་ཆོད་ཟེར་དགོས་པ་རེད། གཙོ་ཆེ་ཤོས་ཆོས་བརྒྱུད་ཁག་གི་དབུ་ཁྲིད་ཚོ་དུས་དུས་ལ་མཇལ་ནས་ནང་ཚགས་ཆགས་འགྲོ་བཞིན་ཡོད་པ་རེད། དེ་བཞིན་སློབ་གཉེར་རྒྱག་མཁན་ཚོའི་འབྲེལ་བ་ཡང་དེ་སྔ་བོད་ལ་ཡིན་ན་ཁ་བྲལ་ནས་སྡོད་ཀྱི་ཡོད་པ་རེད། རྒྱ་གར་ལ་དུས་དང་དུས་སུ་འབྲེལ་བ་ཐག་ཉེ་རུ་སོང་ནས་ཧ་ཅང་ཕན་ཡོད་པ་རེད། དེ་བོད་ནང་ལ་ཡིན་ནའང་ཤུགས་རྐྱེན་ཐེབས་ཀྱི་འདུག་ལ། བོད་ནང་གི་རྒྱ་ཆེའི་མི་མང་ཚོས་ཀྱང་ཆོལ་ཁ་གསུམ་རྡོག་རྩ་གཅིག་སྒྲིལ་བྱེད་པ་དང་། ཆོས་ལུགས་ཁག་སྟོན་པ་གཅིག་གི་རྗེས་འབྲང་ཡིན་པའི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ཚང་མ་ཐུགས་མཐུན་ཁྲིམས་གཙང་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པ་ཞིག་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཤེས་སོང་ངམ། " ཞེས་སོགས་བཀའ་སློབ་སྩལ་བ་བཅས།།

Other Videos

ྋགོང་ས་མཆོག་༢༠༡༨ལོའི་ཟླ་༡༢ཚེས་༢ཉིན་བཞུགས་སྒར་ནས་སྟོན་འཁོར་ཧྲག་བསྡུས་བཅས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་རྒྱ་གར་ཨུ་ཏྟར་པྲ་དེཤ་མངའ་སྡེའི་སན་ཀི་སའམ་ལྷ་བབས་ཀྱི་གནས་ཞེས་པའི་ནང་པའི་གནས་ཆེན་དུ་ྋཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ།