18
Thu, Apr

བོད་ཆས་འཚེམ་བཟོ་བ་ཚེ་རིང་སྒྲོལ་མ་ལགས་ལ་བཅར་འདྲི།

བཅར་འདྲི།
ཡིག་གཟུགས་སྒྲིག་ཆས།

བོད་ཆས་འཚེམ་བཟོ་བ་ཚེ་རིང་སྒྲོལ་མ་ལགས་ལ་བཅར་འདྲི།

༡༽  རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། ངའི་མིང་ལ་ཚེ་རིང་སྒྲོལ་མ་ཟེར་ཞིང་། བོད་ནས་སྐྱེས་བའི་བོད་མོ་ཞིག་ཡིན། ལོ་༡༢་ཐོག་ལ་རྒྱ་གར་ཏུ་བྲོས་བྱོལ་ལ་འབྱོར། དེའི་སྐོར་ནས་ཕ་མ་དང་ཁྱིམ་མིས་གང་ཡང་ཧ་གོ་ཡི་ཡོད་མ་རེད། རྒྱ་གར་སྐྱིད་པོ་ཡོད་རེད་བསམས་ནས་བསླེབས་པ་ཡིན། རྒྱ་གར་ལ་བསླེབས་ནས་སུ་ཇ་སློབ་གྲྭར་ཕྱིན་ཡིན། དེ་དུས་ཡི་གེ་གང་ཡང་ཤེས་ཀྱི་མེད། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་སུ་ཇ་སློབ་གྲྭ་ནས་འཛིན་རིམ་༡༠་ཐོན་པ་དང་། དེ་ནས་རྡེ་ར་དུན་དུ་འཚེམ་བཟོ་སྦྱངས་ཞོར(open)སློབ་གྲྭ་ནས་ཡིག་ཚད་བཏང་ནས་འཛིན་རིམ་༡༢་ལག་ཁྱེར་བླངས་པ་ཡིན།

༢༽  ཁྱེད་ལ་བོད་པའི་གྱོན་ཆས་བཟོ་བའི་སེམས་ཤུགས་ཇི་ལྟར་སྐྱེས་སོང་།

ལན། སུ་ཇ་ནས་རྡེ་ར་དུན་ལ་ཕྱིན་པ་ཡིན། དེའི་སྐབས་སུ། རྒྱ་གར་དུ་རང་ཉིད་ལ་ནང་མི་ནང་བཞིན་གྱིས་ལྟ་རྟོག་བྱེད་མཁན་མེད་དུས། རང་མགོ་རང་ཐོན་དང་། རང་ཁ་རང་གསོ་བྱེད་དགོས་ཡོད་ཙང་། དང་ཐོག་འཁུར་ར(cake backing)སྦྱངས་པའི་ཆེད་དུ་རྡེ་ར་དུན་དུ་ཕྱིན་པ་ཡིན། འོན་ཀྱང་། བདུན་གཅིག་གི་རྗེས་ནས། ང་རང་འཚེམ་བུ་སྦྱངས་སའི་སྡེ་ཚན་ནང་འཛུལ་བ་ཡིན། འཚེམ་བཟོའི་ལས་ཀ་ཡག་པོ་མཐོང་སོང་། ང་ཚོ་ཕར་ཕྱོགས་འཚེམ་བཟོ་སྡེ་ཚན་ནང་ཕྱི་རྒྱལ་དང་རྒྱ་གར་གྱོན་གོས་བཟོ་སྟངས་དང་བོད་ཀྱི་གྱོན་ཆས་སོགས་ཀྱི་བཟོ་སྟངས་ཚང་མ་སློབ་ཀྱི་ཡོད་རེད། དེ་ནི་ལོ་གསུམ་རིང་གི་སློབ་སྦྱོང་རེད། དེའི་རྗེས། བོད་ལ་ལོག་ཐབས་བྱས་པ་ཡིན། འོན་ཀྱང་། ལོག་ཐུབ་མ་སོང་། དེ་ནས་བོད་པའི་སྤྱི་ཚོགས་ནང་བསྡད་ནས་བོད་ཆས་བཟོས་ནས་བོད་ཀྱི་རིག་གཞུང་ལ་ཕན་ཐོགས་མི་ཡོང་ངམ་བསམ་པ་དང་། གཞན་ཡང་སོ་སོའི་ལྟོ་གོས་བཙལ་དགོས་དུས། བོད་ཆས་འཚེམ་འགོ་བཙུགས་པ་ཡིན། སྤྱིར་བཏང་། འཚེམ་བཟོ་ཡི་རྨ་གཞི་ཤེས་རྗེས། གྱོན་གོས་དེ་ཚོའི་བཟོ་དབྱིབས་གང་འདྲ་བཟོ་བཟོ་དང་འགྱུར་བ་ག་ཚོད་གཏོང་གཏོང་རེད། དེ་འདྲ་སོང་ཙང་། བོད་པའི་གྱོན་གོས་བཟོ་འགོ་བཟོ་བཙུགས་པ་ཡིན།

༣༽  བོད་པའི་གྱོན་ཆས་གང་དང་གང་མི་ཚོས་དགའ་མོས་མང་ཤོས་བྱེད་ཀྱི་འདུག་གམ།

ལན། བོད་པའི་གྱོན་ཆས་ནང་ནས་ཚོང་མང་ཤོས་ནི་རྒྱུན་དུ་གྱོན་པའི་གོས་ལོག་རེད་འདུག གཞོན་སྐྱེས་དེ་ཚོས་དུས་ཚོད་དུས་ཚོད་ནང་གི་གྱོན་ཆས་གསར་བ་དགའ་བོ་བྱེད་ཀྱི་འདུག འོན་ཀྱང་། བོད་ཆས་མང་ཤོས་ནི་དུས་རྒྱུན་མི་དེ་ཚོའི་གྱོན་པའི་ཕྱུ་པ་དང་སྟོང་ཐུང་ཉོས་ཀྱི་འདུག དེ་སྔོན་ཕྱུ་པ་མཐའ་ལ་འབྲུག་ཡོད་པའི་དུས་གཅིག་དར་བ་རེད། འོན་ཀྱང་། བོད་མི་ཚོ་ ད་དུང་བོད་ཆས་དཀྱུས་མར་དགའ་བོ་བྱེད་ཀྱི་འདུག དུས་ཚོད་ལ་དཔེར་པའི་གྱོན་ཆས་གསར་བ་དེ་ཚོར་དགའ་བོ་བྱེད་ཀྱི་ཡོད་རུང་། དུས་ཚོད་དེ་ཡལ་ཚར་དུས་དགའ་བོ་བྱེད་ཀྱི་མི་འདུག ངས་མང་ཤོས་བཟོ་བཞིན་ཡོད་པ་ནི་གྱོན་ཆས་དཀྱུས་མ་རེད། གྲྭ་པ་དེ་ཚོར་གཟན་དང་ཤམ་ཐབས་སོགས་བཟོ་ཡི་ཡོད། གོང་ཚད་ཡིན་རུང་། ཧ་ལས་པའི་ཆེན་པོ་དང་རྒྱུ་ཆ་ཡང་ཧ་ཅང་ཡག་པོ་མི་དགོས་པ་དེ་འདྲ་བཟོ་བཞིན་ཡོད། རང་གཞན་གཉིས་ལ་ཡང་ཁེ་ཕན་ཡོད་པ་དེ་འདྲ་བཙོང་གི་ཡོད།

༤༽  ཁྱེད་ཀྱིས་གང་བྱེད་བཞིན་ཡོད་པ་དེ་བོད་ཀྱི་རིག་གཞུང་ལ་ཞབས་ཞུ་སྒྲུབ་ཐུབ་ཀྱི་ཡོད་བསམ་གྱི་ཡོད་དམ།

ལན། ང་རང་སྒེར་ངོས་ནས་བསམ་པ་ཡིན་ན། ང་ཚོ་བཙན་བྱོལ་བ་ཞིག་ཆགས་ནས་བཟུང་། ལྷག་པར་དུ།བོད་ནས་སྐྱེས་པའི་ང་ཚོར་ཚོར་བ་དམིགས་བསལ་ཡོད་པ་མ་ཟད། བོད་ཕྱི་ནང་གི་གནས་སྟངས་་དང་འཛམ་གླིང་གནས་སྟངས་སོགས་ང་ཚོས་རྟོགས་ཀྱི་ཡོད་དུས། ང་ཚོར་ཡང་འགན་ལྷག་མ་ཡོད་རེད། དེར་བརྟེན། རང་གི་ནུས་པ་གང་ཡོད་པར་བརྟེན་ནས་བྱ་བ་ཅི་ཞིག་སྒྲུབ་ཀྱི་ཡོད་རུང་། གང་ཐུབ་ཅི་ཐུབ་ཀྱིས་སྒྲུབ་དགོས་ཀྱི་ཡོད། ང་ལ་ཆགས་བཞག་ནའང་། རང་ཉིད་གྱོན་གོས་བཟོ་མཁན་ཞིག་ཡིན་པ་ཆ་ནས་རང་གི་ལྟོ་གོས་ཆེད་དུ་ལས་ཀ་བྱེད་ཞོར་དུ། བོད་པའི་ངོ་བོ་མ་བརླག་པའི་ཆེད་དུ་གང་བྱེད་དགོས་འདུག་བསམ་ནས་བསམ་བློ་གཏོང་གི་ཡོད། བསམ་བློ་དེ་ལྟར་གཏོང་དགོས་པར་ང་ཚོས་ལས་འགན་ཡིན་བསམས། ང་རང་ཡང་རྒྱུན་དུ་གྱོན་ཆས་དེ་ཚོ་ཧ་ལས་གོང་ཚད་ཆེན་པོ་བྱེད་ཀྱི་མེད། ལྷག་པར་དུ། སློབ་ཕྲུག་དང་གྲྭ་བ། བོད་ནས་སླེབས་པའི་བོད་པ་ཚོར་སྦྱིན་བདག་བྱེད་མི་ཐུབ་རུང་། ཁོ་ཚོར་གྱོན་ཆས་ཉོ་སྐབས་གོང་ཚད་མར་གཅོག་གི་ཡོད། ལས་ཀའི་ངོ་བོ་ཆགས་ནས་བོད་པའི་རིག་གཞུང་མི་བརླག་པ་བྱེད་རྒྱུར་དང་། དེ་འདྲ་བྱས་ན་ཕན་ཐོགས་ཡོད་རེད་བསམ་བཞིན་ཡོད།

༥༽  དེང་དུས་བོད་ཀྱི་གྱོན་ཆས་ལ་འགྱུར་བ་འགྲོ་བཞིན་པར་ཁྱེད་རང་ལ་མཐོང་སྣང་ག་འདྲ་ཡོད་དམ།

ལན། སྤྱིར་འཛམ་གླིང་འགྱུར་བ་འགྲོ་བཞིན་ཡོད་པ་རེད། ང་ཚོ་བོད་པའང་འགྱུར་བ་འགྲོ་དགོས་ཀྱི་རེད། ཡིན་ནའང་། ཧ་ལས་པའི་འགྱུར་བ་བཏང་ནས་བོད་ཀྱི་ཁྱད་ཆོས་དང་ངོ་བོ་མེད་ན་དེ་འགྲིག་གི་ཡོད་མ་རེད་བསམ་གྱི་ཡོད། སྤྱི་བཏང་ཡིན་ན། ང་རང་ཉིད་ཀྱིས་དེང་དུས་གྱོན་ཆས་བཟོ་ཐབས་དང་བསམ་བློ་གཏོང་གི་ཡོད། ཡིན་ན་ལས། ཧ་ཅང་མ་འདྲ་བ་བཟོ་བཞག་པ་ཡིན་ན། མི་གཞན་གྱི་ས་ནས་གཤེ་གཤེ་རེག་ཡོང་གི་འདུག དཔེར་ན། ངས་དེ་སྔོན་བུའི་ཕྱུ་པ་ཐུང་ཐུང་སྐེད་པར་བསྡོམ་བདེ་ཞིག་བཟོས་པ་ཡིན། ཉོ་མཁན་ཡང་ཡག་པོ་འདུག འོན་ཀྱང་། རྒན་པ་ཁ་ཤས་ཤིག་གིས་ང་ལ་དེ་ནི་མི་རུང་ཞིག་ཡིན་པ་དང་། དེ་ནི་བུད་མེད་ཀྱི་སྨད་གཡོགས་ རེད་ཅེས་གསུངས་སོང་། དེར་བརྟེན། ངས་དེང་སང་དེ་འདྲ་བཟོ་ཡི་མེད། ཕྱུ་པ་ངོ་བོ་ཁོ་རང་གཞན་པ་ཞིག་གྱུར་བ་རེད། ཕར་ལྟས་ན་བུའི་ཕྱུ་པ་མཐོང་རུང་། དེ་ནི་བུད་མེད་ཀྱི་སྨད་གཡོགས་ ཆགས་པ་རེད། ཁོ་ཚོས་གསུངས་པ་དེརའང་རྒྱུ་མཚན་མཐོང་སོང་། དེ་འདྲ་ཡིན་དུས། དུས་དང་བསྟུན་ནས་འགྲོ་དགོས་རུང་། བོད་པའི་ངོ་བོ་བརླག་པ་དེ་འདྲ་བྱེད་ན་མི་འགྲིག་བསམས། བོད་པའི་ངོ་བོ་དང་གཞི་བཟུང་ས་དེ་བརླག་སོང་བ་ཡིན་ན་རྒྱུ་མཚན་གང་ཡང་མཐོང་གི་མི་འདུག

༦༽  ཁྱེད་ལ་བོད་པ་གཞོན་སྐྱེས་ཚོར་བཤད་འདོད་པ་ཅི་ཡོད་དམ།

ལན། ངས་བོད་པ་གཞོན་སྐྱེས་ཚོར་བཤད་འདོད་པ་ནི། བོད་པ་གཞོན་སྐྱེས་ཚོས་ལས་ཀ་ཡག་པོ་དེ་འདྲ་མ་རག་པ་དང་། ལས་ཀ་ཐབས་ཆགས་དེ་འདྲའང་བྱེད་མ་འདོད། དེ་འདྲ་བྱེད་ནས་ལྷག་འགྲོ་ཡི་ཡོད།དེར་བརྟེན། ཕ་མ་དང་སྤུན་མཆེད་མང་པོ་ཞིག་ལ་བརྟེན་ནས་བསྡད་དགོས་ཆགས་ཀྱི་ཡོད། སེམས་ནང་ལ་བོད་ཀྱི་ཆེད་དུ་ཅིག་བྱེད་དགོས་དང་ནང་མིའི་ཆེད་དུ་ཅིག་བྱེད་དགོས་བསམ་པ་ཡོད་རེད། ཡིན་ནའང། དེ་འདྲ་བྱས་ནས་ལུས་འགྲོ་ཡི་ཡོད། དུས་ཚོད་མང་པོ་འཕྲོག་བརླག་འགྲོ་བ་དང་ལང་ཚོའང་དེ་འདྲ་རྫོགས་འགྲོ་ཡི་ཡོད། དེ་འདྲ་ཡིན་དུས། དེར་ང་དཔེ་ཕམ་སེམས་སྐྱེས་ཀྱི་འདུག དེར་བརྟེན། རང་ཉིད་ཀྱི་གནས་སྟངས་དང་ནུས་པ་རྟོགས་དགོས་པ་གལ་ཆེན་པོ་ཚོར་གྱི་འདུག བོད་ཀྱི་ཆེད་དུ་སྐད་འབོད་བརྒྱབ་ནས་མིང་ཐོབ་དགོས་པར་གལ་ཆེན་པོར་མཐོང་གི་མི་འདུག རང་ཉིད་གང་བྱེད་བཞིན་ཡོད་ན་སེམས་པ་རྣམ་དག་བྱས་ན་སོ་སོའི་འཚོ་བ་ཡག་པོ་ཡོང་བ་དང་། མི་གཞན་ལའང་ཕན་ཐོགས་ཀྱི་རེད། དེ་མིན། བསམ་བློ་ཆེན་པོ་ཞིག་བཏང་ནས་ལེགས་སྒྲུབ་གང་ཡང་མ་བྱུང་ན་དེ་ནས་སེམས་ཤུགས་ཆགས་ནས་དོན་དག་སྒྲུབ་པ་ཕར་བཞག སོ་སོ་འཕྲོག་བརླག་འགྲོ་བའི་ཉེན་ཁ་ཡོད། ང་རང་གིས་མྱོང་ཐོས་མཐོང་གསུམ་གྱི་ཐོག་ནས་བོད་པ་གཞོན་སྐྱེས་མང་པོ་དེ་འདྲ་ཆགས་འགྲོ་ཡི་འདུག དེར་བརྟེན། ངས་སེམས་པར་རང་ཉིད་ཀྱིས་ལས་ཀ་ཆུང་ཆུང་ཞིག་ལས་བྱེད་ཀྱི་མེད་ནའང་། ལྷག་སེམས་རྣམ་དག་བྱས་ན་དེའི་རྗེས་ནས་ལམ་ཁ་ཡོད་པ་རེད་བསམ་གྱི་འདུག ཐུགས་རྗེ་ཆེ།