19
Fri, Apr

འབྲེལ་ཡོད་པར་མིན།

བཅར་འདྲི།
ཡིག་གཟུགས་སྒྲིག་ཆས།

༢༠༡༧།༠༡།༠༢ཉིན། རྒྱ་མིའི་བོད་ལ་བཙན་འཛུལ་བྱས་ཏེ་ལྷ་ས་རུ་ཐོག་མར་ན་ཆེན་གློག་ཁང་བཙུགས་ཏེ་ཟླ་༧ནང་ལེགས་གྲུབ་ཀྱིས་ལྷ་སའི་གྲོང་ཁྱེར་ཡོང་དཀར་ཆིལ་ལེ་བཏང་བ་རེད། ཅེས་གྲྭ་ཁོང་གིས་བརྗོད་སོང་།

ངའི་མིང་ལ་བློ་བཟང་དབང་རྒྱལ་དང་ལོ་༨༢།  ང་རང་སྐྱེས་ས་ནི་ལྷ་སའི་པ་སྐོར་ནང་ཡིན། ཕྱི་ལོ་༡༩༨༧ལོར་རྒྱ་གར་ལ་བཙན་བྱོལ་དུ་ཡོང་བ་ཡིན།

རྒྱ་མི་ལྷ་སར་སླེབས་ཏེ་མི་མང་ལ། "མིག་གིས་འཛམ་གླིང་མཐོང་བ། སེམས་ཀྱིས་མེས་རྒྱལ་བཅངས་པ།།" ཞེས་པའི་སྐོར་ནས་སློབ་གསོ་སྤེལ་སོང་།

ང་ཚོའི་བོད་ཀྱི་ས་ཆ་ཤོར་བའི་ཐོག་མར་ལྷ་ས་རུ་ན་ཆེན་གློག་ཁང་བཙུགས་ཤིང་། ལྷ་སའི་གྲོང་ཁྱེར་ནང་དུ་ཟླ་༧ནང་གློག་འཐེན་ཚར་དགོས་པའི་འཆར་གཞི་ལྟར་དེ་བཞིན་བསྒྲུབས་པ་རེད། སྔོན་མའི་བོད་ཀྱིས་བཟོས་པའི་གློག་ཁང་ནི་རྩེ་པོ་ཏ་ལ་དང་ནོར་གླིང་མ་གཏོགས་ཡོད་པ་མ་རེད། དེའི་མིང་ལ་འཇར་མན་གློག་ཁང་ཟེར། སྐབས་དེ་དུས་འཇར་མན་མི་གཉིས་ཤིག་ལྷ་སར་སླེབས་ཡོད་ཅིང་། དེ་གཉིས་འཇར་མན་རེད་ཟེར་གྱི་འདུག་མོད་བདེན་མིན་མི་ཤེས། གང་ལྟར་ན་ཆེན་གློག་ཁང་བཙུགས་ཏེ་ལྷ་ས་གྲོང་ཁྱེར་ལ་གློག་གིས་ཁྲ་ཐང་ཐང་བྱས་ཤིང་གློག་རིན་སྤྲད་དགོས་འཁེལ་བ་རེད།

གློག་ཁང་བཙུགས་རྗེས་རྒྱ་མིའི་རླངས་འཁོར་རིགས་འདྲ་མིན་མང་པོ་སླེབས་ཤིང་། རླངས་འཁོར་ལམ་དང་ས་ཞིང་འདེབས་འཛུགས་ཀྱིས་ལས་ཀར་ཞུགས་མཁན་ལ་དངུལ་ཏ་ཡང་ཕོན་ཆེ་སྤྲད་པས། ལྷ་སའི་ཁྱིམ་ཚང་ཕྱུག་གྲོས་དེ་ཚོ་ཡང་གླ་ཆ་ཡག་པོ་འདུག་ཟེར་ནས་ལས་ཀར་ཞུགས་པ་རེད། དངུལ་ཏ་ཡང་ཆར་བ་འབབ་འབབ་རེད།། རྒྱ་གོང་ཁྲན་ཕ་མའི་ཕ་མ་རེད།། ཅེས་པའི་ཁྲམ་གླུ་ལྟར་སྐབས་དེར་དགའ་ཐག་ཆོད་པ་རེད། (ཧཧཧཧཧཧཧ བཞད་མོ་གནང་བ།) ལོ་སྟོང་ཕྲག་མང་པོའི་རིང་ལ་བོད་ཀྱི་འཛུགས་བསྐྲུན་ཡར་རྒྱས་སོང་མེད་ཅིང་། བོད་གཞུང་གི་སྐབས་སུ་ལྷ་སར་འཛུགས་བསྐྲུན་གྱི་སྐོར་ནས་སྐྱོ་བོ་ཡོད་པ་དེ་ནི་རྗེས་ལུས་ཐེབས་པ་རེད། ལས་ཀའི་རྣམ་གྲངས་བཤད་ན། ལས་ཁུངས་ཁག་མི་འདྲ་བ་བརྒྱ་ནས་ཉིས་བརྒྱ་ཡོད་ཅིང་། ལས་རིགས་དེ་དག་ནི་ང་ཚོས་བྱེད་ཐུབ་ཀྱི་མེད་ལ་རྒྱ་མིས་བྱེད་ཐུབ་ཀྱི་ཡོད་པ་དང་། ང་ཚོས་དེ་འདྲའི་ལས་རིགས་སུ་སློབ་སྦྱོང་བྱས་ཐུབ་མེད་པ་རེད།

༧གོང་ས་མཆོག་དང་ངེད་གཉིས་ལོ་ཟླ་ཡིན་ཞིང་།  ཞེ་ས་ཞུས་ན་དགོངས་ཟླ་རེད། ༧གོང་ས་མཆོག་ལ་བོད་ནས་བཟུང་མཇལ་མྱོང་ཡོད། བཙན་བྱོལ་ལ་ཕེབས་སྐབས་སུ་རྒྱ་གར་སྲིད་འཛིན་དཔལ་ལྡན་ནེ་རོ་དང་ཨིན་ངྷིར་གན་ངྷི་སོགས་གྱེན་འཕུར་གནམ་གྲུ་ནང་བསུ་མར་ཕེབས་ཡོད་པ་རེད། དེ་ནས་ད་ལྟ་མཇལ་རྒྱུ་ཡོད་པའི་སེ་འབྲས་དགའ་གསུམ་ཕྱག་བཏབ་པ།

ང་རང་རྩེ་པོ་ཏ་ལར་ཡོད་པའི་ཀུན་བདེ་གླིང་དགོན་པའི་གྲྭ་བ་ཡིན། དེར་གྲྭ་བ་༡༡༢ཡོད་ཅིང་ལོ་རེར་འབྲུ་བལ་རེའི་ཕོག་རྒྱགས་ཀྱི་ཡོད། ལྷ་སའི་གླིང་བཞིའི་གྲས་ཀྱི་གཅིག་རེད།  (ཚེ་སྨོན་གླིང་། ཀུན་བདེ་གླིང་། བསྟན་རྒྱས་གླིང་།  ཚེ་ཆོག་གླིང་། )ད་ལྟ་རྒྱ་མིས་གླིང་བཞི་ཆ་ཚང་ཧ་གོ་མ་སོང་མོད། ང་ཚོའི་དགོན་པ་དེ་རུ་མགྲོན་ཁང་རྒྱབ་ཡོད་པ་རེད།

རིག་གནས་གསར་བརྗེ་ནི་ལོ་བཅུའི་རིང་རེད། (༡༩༦༦ནས་༡༩༧༦) ཁོ་ཚོས་འབྲས་བཏབ་ན་འབྲས་སྐྱེས་པ་དང་ནས་བཏབ་ན་ནས་སྐྱེས་པ་བཞིན་དུ། མི་ཤི་ན་མི་ལ་སྐྱེས་པ་དང་ཁྱི་ཤི་ན་ཁྱི་ལ་སྐྱེས་པ་རེད་ཟེར། ཁྱོད་ཚོས་ཨ་ཅེ་སྣང་ས་འདས་ལོག་བྱུང་བ་དེ་སུས་མཐོང་བ་རེད་ཟེར། ང་ཚོས་ཕྱིར་ལན་དུ། མི་ཤི་ན་མི་ལ་སྐྱེས་པ་དང་ཁྱི་ཤི་ན་ཁྱི་ལ་སྐྱེས་པ་སུས་མཐོང་བ་རེད་ཅེས་བརྗོད་པ་ཡིན།

རྙིང་གཏོར་གསར་འཛུགས་ཟེར་ཞིང་། ལྷ་འདྲེ་གདོན་བགེགས་མར་གཡུགས་བཞག་ན་སོ་སོའི་ཁང་པ་ནང་མི་བསྡད་སའི་ཁེ་ཕན་ཡོང་གི་རེད། དེ་བས་ལྷ་ནི་མགོ་སྐོར་མཁན་རེད། ཅེས་བརྗོད་ཀྱི་འདུག དེ་མིན་རིག་གནས་གསར་རྗེ་ཟེར་བ་དེར་ལས་རྒྱུ་འབྲས་ཤིག་སྨིན་པ་རེད། རྒྱུ་མཚན་ནི་སོ་སོ་སུ་དང་སུ་ཡིན་རུང་ལས་ཤིག་བསགས་ཡོང་དུས། ལྷག་པར་དུ་སྐུ་དྲག་དང་ཞིང་བྲན་བདག་པོ་རྣམས་ཀྱིས་མི་སེར་ལ་ས་ཆ་བོག་མར་བཏང་སྟེ་ཁྲལ་བསྡུ་ཨུ་ལག་མང་པོར་བཀོད། གཉའ་གནོན་དང་བཤུ་གཞོགས་བྱས་པའི་ལས་འབྲས་སྨིན་པ་རེད། གུང་ཁྲན་ཏིང་ལ་ངོ་རྒོལ་བྱེད་མཁན་རྣམས་ནི་འཇུ་བཟུང་བཙོན་འཇུག་བྱས་དུས་མ་ཎི་དུང་སྒྲུབ་བྱས་པ་རེད། ཁོ་ཚོས་སྐུ་ངོའི་གོ་སར་ཡོད་དུས་གོས་ཆེན་གྱི་དུག་ལོག་དང་ཁ་ལག་ཞིམ་པོ། གཡོག་དང་གཡོག་མོ་བཀོད་དེ་མ་ཅང་རྒྱག་པའི་སྐབས་སུ་མ་ཎི་ཕྲེང་སྐོར་གཅིག་ཀྱང་ཡོང་གི་ཡོད་པ་མ་རེད། སོ་སོི་རྐྱེན་ངན་པར་ཕྲད་དེ་བཙོན་ཁང་ལ་སླེབས་དུས་མ་ཎི་དྲན་པ་རེད། དཔེ་ཞིག་ཡོད་པ་ལས། ཐང་བདེ་བོར་སླེབས་དུས་གླུ་ཨ་ལ་ཐ་ལ།། དགྲ་དྲག་པོ་སླེབས་དུས་ལྷ་ཨྱོན་པདྨ།། ལྷ་ས་ནས་རླངས་འཁོར་བཏང་སྟེ་ཐག་རིང་བྱང་ཐང་སོགས་སུ་འགྲོ་དགོས་ཤིང་། བྱང་ཐང་དུ་སླེབས་པ་ཡིན་ན་ཁོ་ཚོས་བྱ་ཏེ་གསད་དེ་ཁ་ལག་བཟོ་བ་དང་ཨ་རག་འཐུང་བ་བཅས་བྱེད་ཅིང་། ལྷ་སའི་བུ་མང་པོ་ཞིག་གིས་རླངས་འཁོར་གཏོང་ཤེས་ཤིང་ཁོ་ཚོར་ཁ་ལོ་བའི་གཡོགས་པོ་ཟེར་བ་རེད།

ལྷ་སའི་པོ་ཏ་ལའི་ནང་གི་རྒྱུ་ནོར་རྩ་ཆེན་རིགས་ནི་གུང་ཁྲན་ཏང་གིས་ཁྱེར་ཡོད་པ་མ་རེད། དེ་དག་ནི་ལྷ་སའི་རྒྱ་མིའི་ལས་བྱེད་དག་གིས་ཁྱེར་ཡོད་པ་རེད། ད་ལྟ་ནང་གི་གསེར་སྡོང་མཆོད་རྟེན་༡༣ཡོད་པ་དང་། སྐུ་གསུང་ཐུགས་བརྟེན་ཆ་ཚང་ཡོད་པ་རེད། ལྷ་སའི་ཇོ་ཁང་ནི་རིག་གནས་གསར་རྗེ་སྐབས་སུ་ཆ་ཚང་གཏོར་བས་ན། ང་ཚོས་གསར་བཞེངས་བྱས་ཀྱང་འདི་ནི་ཆོས་བྱེད་ས་མ་རེད། འདི་ནི་མི་མང་ལ་བཤུ་གཞོགས་བྱས་པས་ན། ཁྱོད་ཚོར་ཁབ་སྐུད་ཙམ་གྱིས་ཀྱང་ཕན་ཐོགས་ཀྱི་མ་རེད་ཟེར། ཅེས་སྐབས་དེའི་གྲྭ་ཁོ་རང་གི་མཐོང་ཐོས་མྱོང་ཚོར་འགྲེལ་བརྗོད་གནང་སོང་།