20
Fri, Sep

རྩོམ་པ་པོ་ཁྲོ་གཏུམ་གྱི་སྙན་ངག་ཕྲན་བཤད་དེབ་དབུ་འབྱེད་བྱས་པ།

དཔྱད་བརྗོད་རྩོམ་ཡིག
Typography

ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༣ ཉིན་རྩོམ་པ་པོ་ཁྲོ་གཏུམ་ལགས་ཀྱིས་བརྩམས་པའི་དཔེ་དེབ་<<རྩ་མདུད་བཀྲོལ་བ་>>ཞེས་པའི་སྐད་འཕྲིན་ཐོག་མི་གྲངས་ ༢༠༠ ཙམ་འདུ་འཛོམས་ཀྱིས་དབུ་འབྱེད་བྱས་ཡོད་པ་རེད། དེ་ཡང་རྩོམ་རྩོམ་པ་པོ་ཁོང་གི་དཔེ་དེབ་འདི་ཉིད་དབུ་འབྱེད་དང་འབྲེལ་ནས་དབྱིན་ཡིག་དང་བོད་ཡིག་གཉིས་ཀྱི་ལམ་ནས་སྙན་ངག་འབྲི་བཞིན་པའི་སྙན་ངག་པ་བུ་ཆུང་བསོད་ནམས་ལགས་དང་། བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་ལྷ་ལུང་རྒྱལ་ལགས། རྫོང་སར་མཐོ་སློབ་ཀྱི་རྩོམ་རིག་དགེ་རྒན་དང་། རྩོམ་པ་པོ་མེ་འོད་ལགས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ནོར་ལྡེ་ཚགས་པར་གྱི་རྩོམ་སྒྲིག་པ་དང་རྩོམ་པ་པོ་འགར་ཚེ་རྒྱལ་ལགས། ལྗང་རླུང་ཚོགས་པའི་འགན་འཛིན་དང་རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་བཅས་ཀྱིས་དཔེ་དེབ་དབུ་འབྱེད་དང་འབྲེལ་ནས་གསུངས་བཤད་གནང་ཡོད་པ་དང་། དེ་ལས་གཞན་གྱི་མི་ཧ་ཅང་མང་པོས་སོ་སོའི་བསམ་ཚུལ་དང་རྩོམ་མཁན་ཁོང་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་སོགས་ཀྱི་གཏམ་བཤད་མང་དུ་སྤེལ་སོང་།

དཔེ་དེབ་<<རྩ་མདུད་བཀྲོལ་བ་>>ཞེས་པར་རང་མོས་སྙན་ངག་ལ་བལྟ་བ་ཞེས་པ་དང་། ཕྲན་བཤད་ཀྱི་ཚོམས་ཞེས་པའི་ཚན་པ་གཉིས་ཡོད་པ་དང་། ཚན་པ་དང་པོ་རུ་བོད་ཀྱི་སྙན་ངག་གསར་བའི་སྐོར་གྱི་བསམ་ཚུལ་རྩོམ་ཡིག་གསུམ་དང་། ཚན་པ་གཉིས་པ་རུ་སྙན་ངག་བཅུ་གཅིག་ལ་ཕྲན་བཤད་བྲིས་ཡོད་པ་རེད། དེ་ཡང་རྩོམ་པ་པོ་ཁོང་གིས་བཤད་རྒྱུར། ང་ལ་ཕྲན་དཔྱད་ཅེས་པའི་ངོས་ནས་སྙན་ངག་ཅིག་གི་ཚེ་སྲོག་གླེང་བར་སྤོབས་པས་མི་འདང་བས་ན། ཕྲན་བཤད་ཅེས་གླེང་བར་སྤྲོ་སོང་། དཔྱད་པ་ནི་ནམ་ཡང་རང་ཉིད་ཀྱི་ཚོར་ངོས་སུ་འཆར་བའི་ཀློག་ཚོར་དེ་གཅིག་པུ་མ་ཡིན་པར་སྙན་ངག་གི་ཚེ་བླ་སྲོག་གསུམ་ལ་ཤ་ཐིམ་རུས་ཐིམ། ཡང་ན། སྒྱུ་རྩལ་གྱི་ཉམས་འགྱུར་ལ་ངེས་ཆ་གསལ་ཐག་ཆོད་དང་། གནའ་དེང་གཉིས་ཆའི་སྒྱུ་རྩལ་གྱི་ཁྱད་ཆོས་སོགས་སུ་སྦྱང་བ་མི་དམན་པ་ཞིག་མཆིས་ན། ད་གཟོད་སྙན་ངག་གི་ཕྱིའི་པགས་པ་བཤུས་ཏེ་ནང་གི་རྒྱུ་མ་ལྡུག་པ་དང་དེ་ཟ་མཁན་གྱིས་རོ་མཆོག་གི་བྲོ་བ་བླ་ན་མེད་པ་དང་། སྙན་ངག་འབྲི་བ་དང་ཀློག་པ། ཚོར་བ་མྱོང་བ་བཅས་སུ་ལམ་སྟོན་སྒྲོན་མེ་སྦར་ཐུབ་མཁན་ཞིག་ཏུ་གྱུར་པ་རེད། དེ་བས་ང་ལ་དེ་འདྲའི་སྤོབས་པ་མེད་དུས། ཕྲན་བཤད་ཅེས་པའི་ངོ་བོ་ཞིག་རྩ་དོན་དུ་བཟུང་སྟེ། སྙན་ངག་འགའི་བདག་ལ་ཚོར་བ་སློང་སྟངས་བཤད་ཡོད། ཅེས་བརྗོད་ཡོད་པ་རེད།

རྩོམ་པ་པོ་ཆོས་ཉིད་བཟང་པོའམ་ཁྲོ་གཏུམ། ཡང་ན་བེའུ་རྫི་རྡ་རྡ་ལགས་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་། དམེ་ཤུལ་གྲོང་སྡེ་ཀོའུ་སྡེ་ཀ་རོང་ཞེས་པའི་གྲོང་སྡེར་སྐྱེས་ཤིང་། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་རིམ་པར་འགྲིམས། སློབ་མཐར་ཕྱིན་རྗེས་གསར་འགོད་པའི་ལས་ཀ་བྱས་པ་དང་། ཁྲོ་གཏུམ་ལགས་ཀྱིས་ད་ལྟའི་བར་དུ་གསར་འགྱུར་རྩོམ་འབྲི་དང་རྩོམ་སྒྲིག་གི་ཕན་ནས། དཔེ་དེབ་གསུམ་རྩོམ་སྒྲིག་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་ལྗང་རླུང་རྩོམ་སྒྲིག་ཁང་གིས་ལྗང་རླུང་དཔེ་ཚོགས་གྲས་སུ་རྩོམ་པ་པོ་ཁོང་སྙན་ངག་དེབ་<<གློ་བ་དཀར་པོ་>>ཞེས་པ་དཔར་བསྐྲུན་འགྲེམས་སྤེལ་བྱས་ཤིང་། ཕྱི་ལོ་ ༢༠༡༨ ལོར་<<རྩ་མདུད་བཀྲོལ་བ་>>ཞེས་པའི་སྙན་ངག་ཕྲན་བཤད་ཀྱི་དཔེ་དེབ་འདི་ཉིད་འགྲེམས་སྤེལ་བྱས་ཡོད་པ་རེད།

བོད་ཀྱི་ལོ་རྒྱུས་ཡིག་ཆ།