19
Fri, Apr

ཨ་རིའི་གཞོན་སྐྱེས་དང་བྱིས་པའི་ཁྲོད་དུ་སྒོམ་དང་ཡོ་ག་དར་བཞིན་པ།

ལུས་སྦྱོང་།
ཡིག་གཟུགས་སྒྲིག་ཆས།

༢༠༡༨་ཟླ་༡༡ཚེས་༨ཉིན། རྒྱལ་སྤྱི་གསར་ཁང་གྲགས་ཅན། སེ་ཨིན་ཨིན(CNN)གྱི་དྲ་རྒྱའི་སྟེང་གི་འཕྲོད་བསྟེན་ལས་ཚན་དུ་བཀོད་པ་ལྟར་ན། ཨ་རིའི་ནང་གི་མི་མང་པོ་ཞིག་གིས་སྒོམ་དང་ཡོ་ག སྒལ་རྩ་བཅོས་ཐབས(Chiropractor)བཅས་ཀྱི་ཐད་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དེ་ཡང་འབྲེལ་ཡོད་ཨ་རིའི་སྨན་ཁང་ཁག་གིས་དེ་ལྟར་བརྗོད་ཡོད་པར་བཀོད་འདུག

དེ་ཡང་། ཚེས་དྲུག་ཉིན་ཨ་རི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་ལྟ་སྐྱོང་ཁང་གིས་སྙན་ཐོ་ཞིག་བཏོན་པ་ལྟར་ན། ཨ་རིའི་རྒྱལ་ཁབ་ཀྱི་གཞོན་སྐྱེས་བརྒྱ་ཆའི་སུམ་ཅུ་དང་བྱིས་པ་བརྒྱ་ཆའི་བཅུ་གཉིས་ཀྱི་སྨན་བཅོས་བྱེད་ཐབས་ནི། སྨན་ཟས་ནས་བདག་སྐྱོང་བྱེད་པ་དང་། ཡང་ན་ནམ་རྒྱུན་ནུབ་ཕྱོགས་པའི་སྦྱོང་བརྡར་བྱེད་ཕྱོགས་བཅས་ལ་བསྟེན་གྱི་མི་འདུག་ཅེས་བརྗོད་འདུག

ཨ་རི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་ལྟ་སྐྱོང་ཁང་གི་ནད་ཡམས་དཔྱད་རིག་སྨྲ་བ། རི་ཆ་ཊི་ན་ཧན(Richard Nahin)གྱིས་འདི་ལྟར་བརྗོད་དོན། མི་མང་པོ་ཞིག་ན་ཟུག་སོགས་ཀྱིས་མཚོན་པའི་ན་ཚ་ལ་བདག་སྐྱོང་བྱེད་ཆེད་ཡོ་ག་དང་སྒོམ་གྱི་འཕྲོད་བསྟེན་བཅོས་ཐབས་ལ་བསྟེན་བཞིན་འདུག་ཅིང་། དེ་ནི་ཁོ་ཚོས་སྤྱིར་བཏང་གི་བདེ་སྐྱིད་འཐོབ་ཐབས་ཤིག་ལའང་ངོས་འཛིན་གནང་གི་འདུག ཅེས་བརྗོད་ཀྱི་འདུག

ཨ་རི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་ལྟ་སྐྱོང་ཁང་གིས་བཏོན་པའི་སྙན་ཐོ་དེའི་ནང་དུ། ༢༠༡༢་དང་༢༠༡༧་གྱི་བར་ལ་ཨ་རིའི་ནང་གི་མི་ཅི་ཙམ་ཞིག་གིས་སྒོམ་དང་ཡོ་ག སྒལ་རྩ་བཅོས་ཐབས་བཅས་ཀྱི་འཕྲོད་བསྟེན་བཅོས་ཐབས་ལ་བསྟེན་ཡོད་པའི་སྐོར་བཀོད་འདུག

དེ་ཡང་། ༢༠༡༢་ནང་དུ་ཨ་རི་རྒྱལ་ཡོངས་ཀྱི་བྱིས་པ་༣.༡%གིས་ཡོ་ག་སྦྱོང་བརྡར་བྱས་ཤིང་། ༢༠༡༧་ལོར། ཡོ་ག་སྦྱོང་བརྡར་བྱེད་མཁན་གྱི་བྱིས་པའི་གྲངས་ཚད་༨.༤%ལ་འཕེལ་ཞིང་། ༢༠༡༢་ནས་༢༠༡༧་བར་ལ། གཞོན་སྐྱེས་ཡོ་ག་སྦྱོང་བརྡར་བྱེད་མཁན་ནི། ༩.༥%ནས་༡༤.༣%ལ་ འཕེལ། རྩིས་གཞི་བྱས་ན། ༢༠༡༧་ལོར། ཨ་རིའི་རྒྱལ་ཡོངས་ཀྱི་བྱིས་པ་ས་ཡ་༤.༩་དང་། གཞོན་སྐྱེས་ས་ཡ་༣༥.༢་བཅས་ཀྱིས་ཡོ་ག་སྦྱོང་བརྡར་བྱས་འདུག

དེ་ནས་སྒོམ་སྦྱོང་བརྡར་གྱི་ཐད་ནས། ༢༠༡༢་ལོར། ཨ་རིའི་རྒྱལ་ཡོངས་ཀྱི་བྱིས་པ་༠.༦% གིས་སྒོམ་སྦྱོང་བརྡར་གནང་འདུག་ཅིང་། ༢༠༡༧་ལོར། ཨ་རིའི་རྒྱལ་ཡོངས་ཀྱི་བྱིས་པ་༥.༤%ཡིས་སྒོམ་སྦྱོང་བརྡར་བྱས་ཏེ་སྒོམ་སྦྱོང་བརྡར་བྱེད་མཁན་གྱི་བྱིས་པའི་གྲངས་ཚད་འཕེལ་འདུག་ཅིང་། ༢༠༡༢་ནས་༢༠༡༧་བར་ལ། གཞོན་སྐྱེས་སྒོམ་སྦྱོང་བརྡར་བྱེད་མཁན་ནི། ༤.༡%ནས་༡༤.༢% ལ་འཕེལ་འདུག

ད་དུང་། སྙན་ཐོ་དེ་རུ་༢༠༡༧་ལོར་ཨ་རིའི་བུ་དང་བུ་མོ་དང་། བུད་མེད་དང་ཁྱོ་ག་བཅས་ཀྱི་ཁྲོད་ནས། བུ་མོ་དང་བུད་མེད་ཀྱིས་བུ་དང་ཁྱོ་ག་ལས་ཡོ་ག་སྦྱོང་བརྡར་མང་བར་བྱེད་ཀྱིན་ཡོད་པ་དང་། སྒོམ་ནི་བུད་མེད་དར་མ་རྣམས་ཀྱིས་སྦྱོང་བརྡར་མང་བར་བྱེད་ཀྱི་ཡོད་པ། ཡོ་ག་ནི་ལོ་༡༨་ནས་༤༤བར་གྱི་མི་དར་མ་ཚོས་ཧ་ཅང་དགའ་བོ་བྱེད་ཀྱིན་ཡོད་པ་དང་། སྒལ་རྩ་བཅོས་ཐབས་ལ་བསྟེན་མཁན་ཕལ་མོ་ཆེ་ནི་ལོ་༤༥་ནས་༤༦བར་གྱི་མི་རྣམས་ཡིན་པ་བཅས་ཀྱི་སྐོར་ཡང་བཀོད་འདུག

ཡོ་ག་དང་སྒོམ། སྒལ་རྩ་བཅོས་ཐབས་བཅས་འཕྲོད་བསྟེན་གྱི་བཅོས་ཐབས་འདི་གསུམ་གྱི་ཐད་ལ། ཨ་རི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་ལྟ་སྐྱོང་ཁང་གི་ནད་ཡམས་དཔྱད་རིག་སྨྲ་བ། རི་ཆ་ཊི་ན་ཧན(Richard Nahin)གྱིས་འདི་ལྟར་བརྗོད་དོན། འཕྲོད་བསྟེན་གྱི་བཅོས་ཐབས་འདི་གསུམ་ནི་མི་རྣམས་ཀྱི་བདེ་ཐང་གི་ཐད་ལ་ཧ་ཅང་གིས་ཕན་ཐོགས་ཆེ་ཞིང་། ཡོ་ག་སྦྱོང་བརྡར་བྱས་པར་བརྟེན་ནས་བདེ་སྐྱིད་གོང་འཕེལ་དུ་གཏོང་གི་འདུག དེ་ཡང་ལུས་ཀྱི་བདེ་ཐང་ལ་ཕན་པར་མ་ཟད། སེམས་ཀྱི་བདེ་ཐང་ལའང་ཕན་གྱི་འདུག ཅེས་བཤད།

ད་དུང་ཁོས་ཤེས་རྟོགས་བྱུང་བ་ལྟར་ན། སྒོམ་སྦྱོང་བརྡར་བྱས་པར་བརྟེན་ནས། ན་ཚ་ཡང་བཅོས་ཐུབ་ཀྱི་ཡོད་པ་དང་། དཔེར་ན། སྒོམ་བརྒྱབ་ཚེ་རྒྱུ་མ་དང་རྐེད་པ་ན་བ་སོགས་ལའང་ཕན་གྱི་ཡོད་འདུག