21
ཟླ་བ།, ཟླ་དགུ་པ།

འཕྲོད་བསྟེན་ཤེས་བྱ།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡་ཚེས་༢༤་ཉིན་སྤེལ། རང་ཉིད་ཀྱི་མི་ཚེ་རིང་དུ་གཏོང་འདོད་ན། གོམས་གཤིས་ངན་པ་ལྔ་དེ་སྤོང་དགོས། དེ་དག་སྤངས་ན་གཅིན་སྙི་ན་ཚ་དང་། སྙིང་ཁམས་དང་ཁྲག་རྩའི་ནད། སྐྲན་ནད། གཞན་ན་ཚ་གཅོད་ནད་བཅས་ལ་སྔོན་འགོག་ཐུབ་ཀྱི་ཡོད་པ་མ་ཟད། མི་ཚེ་ཡང་རིང་དུ་གཏོང་ཐུབ་ཀྱི་ཡོད་འདུག

དེ་ཡང་། ཉེ་ཆར། ཨ་རིའི་ཧཱ་ཝཱ་མཐོ་སློབ་ཀྱི་ཟས་བཅུད་སྡེ་ཚན་གྱི་འགན་འཛིན་འབུམ་རམ་པ་ཧྥི་རན་ཧུ་ལགས་ཀྱིས་ཉམས་ཞིབ་བརྒྱུད་ནས་ཤེས་རྟོགས་བྱུང་བར་ལྟར་ན། གོམས་གཤིས་ངན་པ་ལྔ་སྤོང་བ་བྱས་ན། གཅིན་སྙི་ན་ཚ་དང་། སྙིང་ཁམས་དང་ཁྲག་རྩའི་ནད། སྐྲན་ནད། གཞན་ན་ཚ་གཅོད་ནད་བཅས་ལ་སྔོན་འགོག་ཐུབ་ཀྱི་ཡོད་པ་མ་ཟད། མི་ཚེ་ཡང་རིང་དུ་གཏོང་ཐུབ་ཀྱི་ཡོད་འདུག གོམས་གཤིས་ངན་པ་ལྔ་ནི་ཐ་མག་འཐེན་པ་དང་། ལུས་སྦྱོང་མི་བྱེད་པ། རྒྱག་པ་ཆགས་པ། ཨ་རག་ཚད་མེད་འཐུང་བ། བདེ་ཐང་མེད་པའི་ཟས་ཟ་བ་བཅས་ཡིན་འདུག

ཟླ་འདིའི་ཚེས་༢༢་ཉིན། དབྱིན་ཇིའི་འཕྲོད་བསྟེན་དུས་དེབ(BMJ)་ཀྱི་ཉམས་ཞིབ་པ་ཚོས། མི་ཚོའི་འཚོ་བ་སྐྱེས་སྟངས་ཀྱི་སྤུས་ཚད་དང་ན་ཚ་འབྱུང་བའི་རྐྱེན་གཉིས་བར་ལ་འབྲེལ་བ་གང་ཡོད་མེད་ཀྱི་ཐོག་ཉམས་ཞིབ་བྱས་པའི་སྙན་ཐོ་བཏོན་ཡོད་འདུག

དེ་ཡང་། ཉམས་ཞིབ་པ་ཚོས་ཐ་མག་རྩ་བ་ནས་མི་འཐེན་མཁན་དང་། གཟུགས་པོ་ལྗིད་ཚད་དང་རྒྱག་ཚད་ཏག་ཏག་ཡོད་མཁན། ཉིན་རེར་ཆུ་ཚོད་ཕྱེད་ཀ་ལུས་སྦྱོང་བྱེད་མཁན། ཨ་རག་ཚད་ཏག་ཏག་འཐུང་མཁན། ཟས་བཅུད་ལྡན་པའི་ཟས་ཟ་མཁན་བཅས་ཀྱི་གོམས་གཤིས་བཟང་པོ་ལྔ་ཡོད་མཁན་དང་། ན་ཚ་འབྱུང་བའི་རྐྱེན་གཉིས་བར་འབྲེལ་བ་གང་ཡོད་མེད་ཐོག་བརྟག་དཔྱད་བྱས་པའི་སྙན་ཐོ་ནང་དུ། གོང་གི་གོམས་གཤིས་བཟང་པོ་ལྔ་དེ་ལོ་༢༠་ནས་༣༠་བར་ལག་བསྟར་བྱེད་མཁན་གྱི་བུད་མེད་ཚོ་དང་། གོང་གི་གོམས་གཤིས་བཟང་པོ་ལྔ་དེ་ཚོ་ལག་ལེན་མི་བྱེད་མཁན་གྱི་བུད་མེད་ཚོ་དང་བསྡུར་ན། ལག་བསྟར་བྱེད་མཁན་གྱི་བུད་མེད་ཚོར་ན་ཚ་ཉུང་བ་ཡོད་པ་དང་ལོ་༡༠་དང་ཕྱེད་ཀ་ཚེ་རིང་དུ་བརྟན་གྱི་ཡོད་འདུག

ནད་ཀྱི་ཐོག་གཞི་བཞག་བཤད་ན། གོམས་གཤིས་བཟང་པོ་ལྔ་ཡོད་པའི་བུད་མེད་ཚོར་ལོ་༨་ལ་སྐྲན་ནད་མི་འབྱུང་བ་དང་། ལོ་༡༠་སྙིང་ཁམས་དང་ཁྲག་རྩའི་ནད་མི་འབྱུང་བ། ལོ་༡༢་གཅིན་སྙི་ན་ཚ་མི་འབྱུང་བའི་ཕན་ཐོགས་ཡོད་འདུག དེ་བཞིན། གོང་གི་གོམས་གཤིས་བཟང་པོ་ལྔ་ལག་བསྟར་བྱེད་མཁན་གྱི་སྐྱེས་པ་ཚོ་ནི་ལོ་༧་དང་ཕྱེད་ཀ་ཚེ་རིང་དུ་འགྲོ་ཡི་ཡོད་འདུག ལོ་༦་ལྷག་ལ་སྐྲན་ནད་མི་འབྱུང་བ་དང་། ལོ་༩་ལྷག་ལ་སྙིང་དང་འབྲེལ་བའི་ན་ཚ་མི་འབྱུང་བ། ལོ་༡༠་ལ་གཅིན་སྙི་ན་ཚ་མི་འབྱུང་བ་བཅས་ལ་ཕན་ཐོགས་ཡོད་འདུག

ཉམས་ཞིབ་ཀྱི་སྙན་ཐོ་དེ་དང་གཞན་སྙན་ཐོའི་ནང་དུ། ཉིན་རེར་ཐ་མག་རྐང་༡༥་དང་དེ་ལས་མང་བ་འཐེན་མཁན་དང་། མི་རྒྱག་པ་ཚོ་ནི་རྒྱུན་དུ་ན་ཚ་མང་བ་ཡོད་འདུག གལ་སྲིད། གོང་གི་གོམས་གཤིས་བཟང་པོ་ལྔ་རྒྱུན་དུ་ལག་ལེན་བསྟར་མཁན་ཞིག་ལ་སྐྲན་ནད་བྱུང་ན། ཁོ་ཚོའི་ནང་ནས་མི་བརྒྱ་ཆ་༥༠་ལོ་༢༣་ལྷག་ལ་འཚོ་ཐུབ་ཀྱི་ཡོད་པ་དང་། རྒྱུན་དུ་གོམས་གཤིས་བཟང་པོ་དེ་ཚོ་ལག་ལེན་མི་བསྟར་མཁན་ལ་སྐྲན་ནད་བྱུང་ན། ཁོ་ཚོའི་ནང་ནས་མི་བརྒྱ་ཆ་༥༠་ལོ་༡༡་ལྷག་ལས་འཚོ་ཐུབ་ཀྱི་མེད་པ་རེད། ན་ཚ་གཞན་ཡང་དེ་བཞིན་ཡིན་འདུག

༢༠༡༩་ལོའི་ནང་བཏོན་པའི་འཕྲོད་བསྟེན་དང་འབྲེལ་བའི་སྙན་ཐོ་ནང་དུ། སྐྱེས་པ་གྲངས་༣༨༠༠༠་ལ་ལོ་ངོ་༢༨་རིང་བརྟག་དཔྱད་དང་། བུད་མེད་གྲངས་༧༣༠༠༠་ལ་ལོ་ངོ་༣༤་རིང་བརྟག་དཔྱད་བྱས་འདུག ཉམས་ཞིབ་དེ་བརྒྱུད་ནས་ཤེས་རྟོགས་བྱུང་བར། བུད་མེད་རང་ལོ་༥༠་ལོན་རྗེས་ནས་གོང་གི་གོམས་གཤིས་བཟང་པོ་ལྔ་ལག་ལེན་བྱེད་མཁན་ནི། གོམས་གཤིས་དེ་དག་ལག་ལེན་མི་བྱེད་མཁན་གྱི་བུད་མེད་ལས་ལོ་༡༤་ཡི་ཚེ་རིང་དུ་གནས་ཀྱི་ཡོད་འདུག དེ་བཞིན། སྐྱེས་པ་རང་ལོ་༥༠་ལོན་རྗེས་ནས་གོང་གི་གོམས་གཤིས་བཟང་པོ་དེ་དག་ལག་ལེན་བྱེད་མཁན་ནི། གོམས་གཤིས་དེ་དག་ལག་ལེན་མི་བྱེད་མཁན་གྱི་སྐྱེས་པ་ལས་ལོ་༡༢་ཚེ་རིང་དུ་གནས་ཀྱི་ཡོད་འདུག

གལ་སྲིད་གོམས་གཤིས་བཟང་པོ་དེ་ཚོ་ཚང་མ་ལག་ལེན་བྱེད་མི་ཐུབ་པ་དང་། གཟུགས་པོ་བདེ་ཐང་ཡོང་དགོས་ན། དང་ཐོག ཐ་མག་འཐེན་མཁན་ཞིག་ཡིན་ན་ཐ་མག་འཐེན་མཚམས་འཇོག་དགོས། ཐ་མག་མི་འཐེན་ཚོས་བཅུད་ལྡན་གྱི་ཟས་ཟ་བ་དང་། རྒྱུན་དུ་ལུས་རྩལ་རྩེས་དགོས་པ་གལ་ཆེན་ཡིན་འདུག