18
Thu, Apr

༢༠༡༨ལོའི་ཀྲུང་གོའི་གླུ་སྐད་སྙན་མོ་ཞེས་པའི་གླུ་གཞས་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་པའི་བོད་ཀྱི་གླུ་བ་བསྟན་འཛིན་ཉི་མ་ལགས། ༢༠༡༧ལོའི་རྒྱ་ནག་གླུ་གཞས་གསར་པ་ཞེས་པའི་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་པའི་གླུ་བ་བཀྲིས་ཕུན་ཚོགས་ལགས། ༢༠༡༦ལོའི་རྒྱ་ནག་གི་སྐར་འོད་ལམ་ཆེན་ཞེས་པའི་གླུ་གཞས་གར་སྟེགས་སྟེང་དུ་ཨང་དང་པོ་བླངས་པའི་གླུ་བདཀོན་མཆོག་ཚེ་རིང་ལགས།

རིག་གཞུང་དང་སྒྱུ་རྩལ།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༠ཚེས་༧ཉིན། རྒྱ་ནག་རྒྱལ་ཡོངས་ཀྱི་ཀྲུང་གོའི་གླུ་སྐད་སྙན་མོ་ཞེས་པའི་གླུ་གཞས་འགྲན་སྡུར་ཁྲོད་བོད་ཀྱི་གླུ་བ་བསྟན་འཛིན་ཉི་མ་ལགས་ཀྱིས་མཐའ་མའི་རྒྱལ་ཁ་བླངས་འདུག

དེ་ཡང་མཐའ་མའི་གླུ་དབྱངས་འགྲན་སྡུར་དེ་ནི་རྒྱ་ནག་པེ་ཅིན་གྱི་བྱེའུ་ཚང་ལུས་རྩལ་ར་བའི་ནང་དུ་ཚོགས་ཡོད་པ་དང་། བོད་པ་གཞོན་སྐྱེས་གཞས་པ་བསྟན་འཛིན་ཉི་མ་ལགས་ཀྱིས་ཨང་དང་པོ་དང་འབྲུག་བྱམས་ཚེ་རིང་ལགས་ཀྱིས་ཨང་ ༥ པ་བླངས་ཡོད་འདུག ཐེངས་འདིའི་འགྲན་སྡུར་དེ་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༣ ནས་མགོ་འཛུགས་ནས་ཟླ་༡༠ཚེས་༧ཉིན་མཇུག་བསྡུས་ཡོད་པ་དང་། ད་ལོའི་འགྲན་སྡུར་ནང་དུ་རྒྱལ་ཡོངས་ཀྱི་གཞས་པ་གཞས་མ་ ༤༤ ཞུགས་ཡོད་འདུག བསྟན་འཛིན་ཉི་མ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་ཡིན་ཞིང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཞིག་ཡིན་ལ། ཁོས་རང་ཉིད་ཀྱི་རོལ་དབྱངས་གི་ཕུགས་འདུན་ནམ་ཡང་མ་དོར་བར་འབད་པ་ལྷོད་མེད་བྱས་མཐར། དུས་ཡུན་ལོ་ཕྱེད་རིང་གྲ་སྒྲིག་དང་འགྲན་བསྡུར་བྱས་པ་བརྒྱུད་ཀྲུང་གོའི་གླུ་སྐད་སྙན་མོ་ཞེས་པའི་གར་སྟེགས་སྟེང་དུ་ཞུགས།

དེ་བཞིན་༢༠༡༧ལོའི་ཟླ་༡༠ཚེས་༩ཉིན། བོད་རིགས་གླུ་བ་བཀྲིས་ཕུན་ཚོགས་ལགས་ཀྱིས་རྒྱ་ནག་གླུ་གཞས་གསར་པ་ཞེས་པའི་འགྲན་སྡུར་སྟེང་དུ་མཐའ་མའི་རྒྱལ་ཁ་ཨང་དང་པོ་བླངས་ཡོད་པ་དང་། རྒྱ་ནག་གི་གླུ་སྐད་གསར་པའི་རྟིང་རྩོད་འགྲན་སྡུར་དེ་རྒྱ་ནག་རྒྱལ་ས་པེ་ཅིན་གྱི་བྱེའུ་ཚང་ལུས་རྩལ་རྩེད་འགྲན་འཚོགས་རའི་ནང་དུ་ཚོགས་ཡོད་ཅིང་། བོད་རིགས་ཤིག་གིས་རྒྱ་ནག་གི་གར་སྟེགས་ཆེན་པོ་དེ་འདྲ་ཞིག་གི་སྟེང་ནས་ཨང་དང་པོ་བླངས་པ་ཐོག་མ་དེ་ཆགས་ཡོད་པ་རེད། ཁོ་ནི་ཕ་ཡུལ་གཞིས་ཀ་རྩེ་ནས་ཡིན་ཞིང་། གཞིས་ཀ་རྩེའི་ལས་རིགས་ལག་རྩལ་སློབ་གྲྭའི་ཨང་རྩིས་དགེ་རྒན་བྱེད་མུས་ཡིན་ཞིང་། སློབ་ཆུང་གི་སྐབས་ནས་གླུ་གཞས་གཏོང་རྒྱུར་དགའ་པོ་ཡོད་པ་མ་ཟད། བོད་ཁུལ་གྱི་གླུ་གཞས་འགྲན་སྡུར་ཁ་ཤས་ནང་མཉམ་ཞུགས་བྱས་ཏེ་བྱ་དགའ་ཐེངས་འགའ་བླངས་མྱོང་ཡོད་འདུག ཁོའི་སྐད་གྲགས་ཆེ་བའི་གླུ་གཞས་ནི་སྒེའུ་ཁུང་། མཚོ་ངོགས་ཀྱི་ཆུ་ཐིགས། ཨ་མའི་ཕྱག་ཟུང་སོགས་ཡིན་འདུག

༢༠༡༦ལོར་བོད་རིགས་དཀོན་མཆོག་ཚེ་རིང་ལགས་ཀྱིས་རྒྱ་ནག་གི་སྐར་འོད་ལམ་ཆེན་ཞེས་པའི་གླུ་གཞས་གར་སྟེགས་སྟེང་དུ་ཨང་དང་པོ་བླངས་ཡོད་འདུག་པ་དང་། ཁོ་ནི་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་མདོ་ནས་ཡིན་ཞིང་། ཁོའི་ཨ་ཅེ་གཉིས་སྔ་མོ་ནས་འདས་གྲོངས་ཕྱིན་ཡོད་པ་དང་། ཕ་ལགས་ཡང་ན་ཚའི་དབང་གིས་རྒྱུན་དུ་མལ་སར་ལྷུང་ཡོད། ཁྱིམ་གྱི་འགན་འཁྲི་ཚང་མ་ཨ་མ་གཅིག་པོས་སྒྲུབ་ཀྱི་ཡོད། འོན་ཀྱང་། ཁོ་རང་སོ་སོའི་དམིགས་ཡུལ་ཆེད་དུ་དཀའ་ལས་མང་པོ་ཞིག་རྒྱུད་དེ་སྐར་འོད་ལམ་ཆེན་ཞེས་པའི་གླུ་གཞས་འགྲན་སྡུར་གར་སྟེགས་སྟེང་དུ་ཞུགས་པ་རེད་འདུག

༢༠༡༦་དང་༢༠༡༧། ༢༠༡༨ལོའི་ནང་བོད་པའི་ན་གཞོན་དག་རྒྱ་ནག་གི་གླུ་གཞས་འགྲན་སྡུར་གར་སྟེགས་ཆེན་མོའི་སྟེང་དུ་ཞུགས་ཏེ་རྒྱལ་ཁ་བླངས་པར་བོད་ཕྱི་ནང་གཉིས་ཀྱིས་རྒྱབ་སྐྱོར་དང་དགའ་བསུ་ཆེན་པོ་ཐོབ་བཞིན་པར་མ་ཟད། བོད་པའི་གཞོན་སྐྱེས་ཚོར་སེམས་ཤུགས་དང་སྐུལ་ལྕག་ཀྱང་ཐེབས་བཞིན་འདུག