06
Mon, Apr

གཞན་ཕན་གྱི་ལས་སྒྲུབ་པ།

ཆེད་བསྒྲིགས།
Typography

༢༠༢༠་ལོའི་ཟླ་༢་ཚེས་༢༧་ཉིན་སྤེལ། རྒྱལ་སྤྱིའི་གསར་ཁང་སེ་ཨན་ཨན་འཕྲོད་བསྟེན་སྡེ་ཚན་ནས་སྤེལ་བའི་འཕྲོད་བསྟེན་ལ་ཕན་པའི་བྱམས་བརྩེའི་བྱ་སྤྱོད་ཅེས་པའི་ཞིབ་འཇུག་རྩོམ་ཡིག་ལྟར་ན། དམིགས་ཡུལ་ངེས་མེད་ཀྱི་བྱམས་བརྩེའི་སྤྱོད་པས་མི་གཞན་ལ་ཕན་གྱི་ཡོད་པ་མ་ཟད། རང་ཉིད་ཀྱི་འཕྲོད་བསྟེན་ལའང་ཕན་ཐོགས་ཀྱི་ཡོད་སྐོར་མི་མང་པོར་བརྟག་དཔྱད་བརྒྱུད་ནས་ར་སྤྲོད་བྱུང་འདུག

དེ་ཡང་། ཉམས་ཞིབ་པས་མི་མང་ལ་བརྟག་དཔྱད་བྱས་པ་བརྒྱུད་ནས། མི་གཞན་གྱི་བདེ་སྡུག་དེ་རང་ཉིད་ཀྱི་བདེ་སྡུག་གི་སྔོན་ལ་བཞག་པ་དང་། མི་གཞན་ལ་དམིགས་ཡུལ་ངེས་མེད་ཐོག་ནས་རོགས་རོམ་བྱེད་མཁན། ཡང་ན་གཞན་ཕན་སྒྲུབ་མཁན་བཅས་ཀྱི་ཀླད་པར་བདེ་སྐྱིད་འབྱུང་བའི་ཀླད་རྩར་སྟོབས་སྐྱེད་ཀྱི་ཡོད་འདུག བདེ་སྐྱིད་ལྡན་པའི་ཚོར་བའི་རྫས་སྦྱོར་དེ་ཚོ་ང་ཚོའི་གཟུགས་པོའི་མ་ལག་ཏུ་ཁྱབ་གདལ་འགྲོ་བཞིན་ཡོད་འདུག དཔེར་ན། དྭང་བླངས་ལས་ཀ་བྱས་ན་གནོན་ཤུགས་ཉུང་དུ་འགྲོ་བ་དང་། སེམས་ངལ་ཉུང་དུ་གཏོང་བར་ཕན་ཐོགས་ཤིང་། ད་དུང་དབང་པོས་ཡུལ་འཛིན་པའི་ནུས་པ་མི་ཉམས་པར་ཡང་ཕན་པ་མ་ཟད། ཚེ་རིང་དུ་གནས་པར་ཡང་ཕན་ཐོགས་ཡོད་འདུག དེར་བརྟེན། ཆེད་མཁས་པས་བརྗོད་དོན་ལྟར་ན། ཕན་སེམས་ཀྱིས་མི་ཚོར་སྤྱི་ཚོགས་ཀྱི་ཚོར་བ་སླེབས་པར་ཕན་ཐོགས་པ་ཁོ་ན་མིན་པར། འཕྲོད་བསྟེན་ལ་ཕན་ཞིང་ཚེ་རིང་དུ་གནས་རྒྱུར་ཡང་ཕན་གྱི་འདུག

བྱམས་བརྩེའི་སྤྱོད་པས་ཁྲག་ཤེད་ཉུང་དུ་འགྲོ་བར་ཡང་ཕན་པ།

ཉམས་ཞིབ་པ་ཚོས་མི་ཚོ་ཁག་ཅིག་ལ་སྤྱི་ཚོགས་ཞབས་ཞུ་སྒྲུབ་པའི་ཐད་ནས་བརྟག་དཔྱད་བྱས་འདུག དེ་ཡང་ཉམས་ཞིབ་པ་ཚོས་ཁྲག་ཤེད་མཐོ་བའི་མི་ཚོ་ཁག་ཅིག་ལ་ཨ་སྒོར་༤༠་རང་ཉིད་ཁོ་ནའི་དོན་དུ་གཏོང་བཅུག་ཡོད་པ་དང་། ཁྲག་ཤེད་མཐོ་བོ་ཡོད་པའི་ཚོ་ཁག་གཞན་པ་ཞིག་ལ་མི་གཞན་པའི་ཆེད་དུ་སྒོར་མོ་གཏོང་བཅུག་ཡོད་འདུག བདུན་ཕྲག་དྲུག་གི་རྗེས་སུ། མི་གཞན་གྱི་ཆེད་དུ་སྒོར་མོ་བེད་སྤྱོད་གཏོང་མཁན་ཚོའི་ཁྲག་ཤེད་ཉུང་དུ་ཕྱིན་པའི་མཇུག་འབྲས་ཐོན་ཡོད་པ་དང་། དེ་ནི་ལུས་རྩལ་དང་བཅུད་ལྡན་གྱི་ཟས་ཟ་བ་ལས་ཀྱང་ཕན་ཐོགས་ཆེ་བ་ཡོད་པར་ཞིབ་འཇུག་བརྒྱུད་ནས་ཤེས་རྟོགས་བྱུང་འདུག

གཞན་ཕན་གྱི་སྤྱོད་པས་ད་དུང་ན་ཚ་ཉུང་དུ་གཏོང་བར་ཡང་ཕན་པ།

ཉམས་ཞིབ་པ་ཚོས་བརྟག་དཔྱད་བརྒྱུད་ནས་ཤེས་རྟོགས་བྱུང་བར་ལྟར་ན། དྭ་ཕྲུག་ཚོར་རོགས་དངུལ་གྱི་ཞལ་འདེབས་རྒྱག་གི་མིན་ཟེར་མཁན་ཚོ་ལས་རོགས་དངུལ་ཞལ་འདེབས་རྒྱག་གི་ཡིན་ཟེར་མཁན་ཚོར་གློག་འཁྱུད་པར་ཚོར་ཤུགས་ཉུང་བ་སླེབས་ཀྱི་ཡོད་འདུག དེའི་རྒྱུ་མཚན་ནི། མིའི་ཀླད་པའི་ཚོར་ཤུགས་སྤྲོད་མཁན་གྱི་རྩ་དེའི་བྱེད་ལས་གཞན་ལ་སྦྱིན་པ་གཏོང་བའི་ཉམས་མྱོང་གིས་ཡང་ཡང་མཚམས་འཇོག་བྱེད་ཀྱི་ཡོད་འདུག

གཞན་ཕན་དང་བདེ་སྐྱིད།

དབྱིན་ཡུལ་དུ། ཉམས་ཞིབ་པ་ཚོས་ཉིན་གསུམ་ནང་དུ་སེམས་བཟང་པོ་བྱས་ན་བདེ་སྐྱིད་ཐོབ་ཀྱི་ཡོད་པར་དཔྱད་བརྟག་བརྒྱུད་ནས་ཤེས་རྟོགས་བྱུང་འདུག དེ་ཡང་། དཔྱད་བརྟག་དེའི་ནང་དུ་མི་ཚོ་ཁག་གསུམ་ལ་དབྱེ་འདུག ཚོ་ཁག་དང་པོའི་མི་ཚོས་ཉིན་རྟག་པར་སེམས་བཟང་པོ་དང་གཞན་ཕན་གྱི་བྱ་སྤྱོད་སྤེལ་ཡོད་འདུག ཚོ་ཁག་གཉིས་པའི་མི་ཚོས་ཉིན་རེར་བྱེད་ལས་གསར་བ་རེ་སྤེལ་འདུག ཚོ་ཁག་གསུམ་པའི་མི་ཚོས་གང་ཡང་བྱས་མེད་པ་རེད། སེམས་བཟང་པོ་དང་གཞན་ཕན་སྒྲུབ་མཁན་ཚོར་བདེ་སྐྱིད་ཀྱི་ཚོར་བ་མང་བ་བྱུང་ཡོད་པར་བརྟག་དཔྱད་བརྒྱུད་ཤེས་རྟོགས་བྱུང་འདུག

བདེ་སྐྱིད་ཐོག་ཉམས་ཞིབ་པ་སཱོན་ཇཱ་ལུ་བྷོ་མིར་སི་ཁི་དང་ཀེན་ཎོན་ཞེལ་ཌོན་གཉིས་ཀྱིས་ཉམས་ཞིབ་བརྒྱུད་ཤེས་རྟོགས་བྱུང་བར་གཞིགས་ན། བདུན་ཕྲག་གཅིག་རིང་ལ་ལས་ཀ་བསྐྱར་སྒྲུབ་བྱེད་མཁན་ཚོ་ལས། བདུན་གཅིག་རིང་ལ་སེམས་བཟང་ཡང་ན་གཞན་ཕན་གྱི་བྱ་བ་བྱེད་མཁན་ཚོར་བདེ་སྐྱིད་མང་བར་ཐོབ་ཀྱི་ཡོད་པར་ཤེས་རྟོགས་བྱུང་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།