15
Sun, Sep

མཁལ་མར་གནོད་པའི་གོམས་གཤིས་ངན་པ་བཅུ།

ཆེད་བསྒྲིགས།
Typography

མཁལ་མས་ང་ཚོའི་བདེ་ཐང་གི་ཆེད་དུ་བྱེད་ལས་གལ་ཆེན་མང་པོ་བྱེད་ཀྱི་ཡོད། དེ་ཡང་། མཁལ་མས་ང་ཚོའི་ཁྲག་གཙང་མ་བཟོ་བ་དང་། ཁ་ཟས་ལས་བཅུད་བླངས་ཏེ་ལུས་པོར་གཏོང་བ། ལུས་པོའི་ནང་གི་དུག་རྫས་སེལ་བའི་ཆུ་གཏོང་བ་སོགས་ཀྱི་བྱེད་ལས་གལ་ཆེན་བྱེད་ཀྱི་ཡོད། མཁལ་མས་བྱེད་ལས་ཉམས་ན། ལུས་པོའི་བདེ་ཐང་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད། དེར་བརྟེན། མཁལ་མར་སྐྱོན་མི་ཤོར་བའི་ཆེད་དུ། ཉིན་རེའི་འཚོ་བའི་ཁྲོད་གོམས་གཤིས་ངན་པ་བཅུ་ལ་དོགས་ཟོན་བྱེད་དགོས།

དང་པོ། ཆུ་འདང་ངེས་ཤིག་འཐུང་གི་མེད་པ།

ཆུ་ཡིས་གཟུགས་པོའི་དུག་རྫས་རྣམས་གཙང་མ་བཟོ་བཞིན་ཡོད། ཆུ་མང་པོ་འཐུང་ན་མཁལ་མ་ཡིས་ལས་ཀ་ཡག་པོ་བྱེད་ཐུབ། དེར་བརྟེན་ནས་མཁལ་མའི་ནང་རྡོ་གསོག་པ་སོགས་ཀྱི་ཉེན་ཁ་ཉུང་དུ་འགྲོ་བ་ཡིན། སྤྱིར་ཉིན་རེར་ཆུ་ག་ཚོད་འཐུང་དགོས་པའི་ཚད་གཞི་ངེས་བརྟན་ཞིག་མེད་རུང་། རྒྱལ་ཡོངས་མཁལ་མ་ཐབས་རྩར་གཞིར་བྱས་ན། སྐྱེས་པ་ཚོས་ཉིན་རེར་ཆུ་ལི་ཊིར་༣་ཡང་ན་ཆུ་ཕོར་བ་༡༣་འཐུང་དགོས་པ་དང་། སྐྱེས་མ་ཚོས་ཉིན་རེར་ཆུ་ལི་ཊེར་༢.༢་ཡང་ན་ཆུ་ཕོར་བ་༩་འཐུང་དགོས་པ་འགྲེལ་བརྗོད་བྱས་འདུག

གཉིས་པ། སྨན་པས་བཤད་པའི་སྨན་ཟ་སྟངས་ཀྱི་ལམ་སྟོན་ལ་མ་ཉན་པ།

སྨན་པས་གང་གསུངས་པར་བཞིན་སྨན་ཟ་བ་དང་ལག་ལེན་བསྟར་དགོས། དེ་མ་གཏོགས་སྨན་མང་པོ་ཞིག་གིས་མཁལ་མར་གནོད་ཀྱི་ཡོད། སྨན་པས་སྨན་ཟ་སྟངས་ཀྱི་ལམ་སྟོན་མེད་པར་སྨན་གང་བྱུང་དུ་འགྱུར་བཏང་སྟེ་ཟ་མི་རུང་ལ། ཟུག་བཅག་སྨན་ཡང་མང་པོ་ཟ་རྒྱུ་མེད། དེས་མཁལ་མར་གནོད་ཀྱི་ཡོད།

གསུམ་པ། བལ་རྫས་མང་བའི་ཟས་ལ་བསྟེན་དྲགས་པ།

བལ་རྫས་(sodium)་ཡོད་པའི་ཟས་ནི། ཕྱེ་སྨན(Baking Powder) དང་ཚྭ(salt)་ཡོད་པའི་ཟས་རིགས་ཡིན་པ་དང་། གལ་སྲིད་ཟས་རིགས་དེར་བསྟེན་པ་མང་དྲགས་ན་མཁལ་མས་བྱེད་ལས་ཉམས་ཀྱི་ཡོད། མཁལ་མས་ལས་ཀ་ཡག་པོ་མ་བྱས་ཚེ། ཁྲག་ཤེད་འཕར་བ་དང་ལག་པ་དང་རྐང་པ་སྐྲངས་ཀྱི་ཡོད།

བཞི་པ། རང་གི་ཁྲག་ཤེད་ལ་རྒྱུས་མངའ་མེད་པ།

གལ་སྲིད་ཁྱོད་ལ་རང་གི་ཁྲག་ཤེད་ལ་བརྟག་དཔྱད་བྱེད་པའི་གོམས་གཤིས་མེད་ན། དེར་བརྟག་དཔྱད་བྱེད་པའི་གོམས་གཤིས་འཇགས་པར་བྱོས། ཅིའི་ཕྱིར་ཞེ་ན། མཁལ་མས་ཁྲག་དང་ཁྲག་གི་རྩ་སྦུབས་བརྒྱུད་ནས་གཟུགས་པོའི་ནང་གི་དུག་རྫས་གཙང་སེལ་བྱེད་ཀྱི་ཡོད་པ་དང་ཟས་བཅུད་སྐྱེལ་འདྲེན་བྱེད་ཀྱི་ཡོད། གལ་སྲིད་ཁྲག་ཤེད་མཐོ་པོ་ཡོད་ན། ཁྱོད་ཀྱི་སྙིང་ཁམས་དང་ཁྲག་རྩར་སྐྱོན་ཤོར་ཡོད་པའི་རྟགས་སྟོན་གྱི་ཡོད། དུག་རྫས་དང་མཁྲིས་ཞག་གིས་འཕར་རྩ་དོག་པོར་བཟོ་བ་དང་བཀག་པ་ཡིན་ན། དེས་མཁལ་མར་གནོད་སྐྱོན་ཆེན་པོ་ཕོག་གི་ཡོད། ལུས་ཀྱི་དབང་པོ་ཚོས་བྱེད་ལས་ཏག་ཏག་བྱེད་མ་ཐུབ་ཚེ། མཁལ་མའི་ཕུབ་གྲུབ་ལ་དགོས་པའི་བཅུད་རེག་གི་མེད། གལ་སྲིད་ཁྱོད་ཀྱི་ནང་མིར་ཁྲག་ཤེད་མཐོ་བའི་ལོ་རྒྱུས་ཡོད་ན། ཁྱོད་ཀྱིས་རང་གི་ཁྲག་ཤེད་ལ་བདག་པོ་ལེགས་པོ་བྱེད་ཐུབ་དགོས། དེ་འདྲ་བྱས་ན། ཁྱོད་ཀྱིས་རང་གི་མཁལ་མར་གནོད་སྐྱོན་ཐེབས་པར་འགོག་ཐུབ་པ་མ་ཟད། སྙིང་ཁྲག་དགག་པའང་འགོག་ཐུབ། དེར་བརྟེན། ཁྱོད་ཀྱིས་དོན་སྙིང་ལྡན་པའི་མི་ཚེ་ཞིག་ལ་རོལ་ཐུབ།

ལྔ་པ། གཅིན་པ་མི་གཏོང་བར་ཡུན་རིང་ལ་འགོག་ཐབས་བྱེད་པ།

ནམ་རྒྱུན། མི་ཚོས་གཅིན་པ་ཆུ་ཚོད་གསུམ་ནས་བཞིའི་བར་ལ་ཉར་ཐུབ་ཀྱི་ཡོད། འོན་ཀྱང་། དེ་ལས་མང་བ་ཉར་ན། རང་བཞིན་གྱིས་གཏོང་དགོས་པའི་གཅིན་པར་བཀག་པར་བརྟེན་ནས། ཁྱོད་ཀྱི་གཟུགས་པོའི་ནང་གི་དུག་རྫས་མར་འདོན་འཇུག་གི་མེད། གལ་སྲིད་དེ་ཁྱོད་ཀྱི་གོམས་གཤིས་སུ་གྱུར་ན། དེས་གཟུགས་པོར་ཤུགས་རྐྱེན་ངན་པ་ཐེབས་སྲིད། དེའི་རྐྱེན་པས་གཅིན་པ་གཏོང་སྐབས་ཟུག་རྒྱག་པ་དང་། ཁྲག་ཐོན་པ། དེ་བཞིན་མཁལ་མར་རྡོ་གསོག་པ་སོགས་ཀྱི་ཉེན་ཁ་འབྱུང་སྲིད། གལ་སྲིད་ཁྱོད་ཀྱིས་གཅིན་པ་བཏང་ཚར་རྗེས་ད་དུང་གཅིན་ལྒང་གང་ཡོང་པའི་ཚོར་བ་ཡོད་ན། སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱེད་དགོས། དེ་བཞིན་དེ་དག་དང་འབྲེལ་བའི་ལུས་རྩལ་རྩེད་ཐུབ་ན། རྗེས་སུ་གསང་སྤྱོད་མི་རེག་པའི་སྐབས་གཅིན་པ་གཏོང་རྒྱུའི་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ།

དྲུག་པ། མངར་ཆའི་ཟས་རིགས་ལ་དགའ་དྲགས་པ།

ཁྱོད་ཀྱིས་མངར་ཟས་ལ་བསྟེན་པ་མང་དྲག་ན་གཅིན་སྙིའི་ནད་ཚ་འབྱུང་བ་མ་ཟད། མཁལ་མར་ཡང་གནོད་ཀྱི་ཡོད། གཅིན་སྙིའི་ནད་ཚས་ཁྲག་གི་རྩ་སྦུབས་ལ་གནོད་སྐྱོན་ཐེབས་ཏེ། གཟུགས་པོར་གཙང་མ་བཟོ་བའི་མ་ལག་གི་བྱེད་ལས་ཉམས་ཀྱི་ཡོད། ཟས་གང་ཞིག་ཟ་བཞིན་ཡོད་ནའང་ཚད་ཏག་ཏག་ཅིག་ཟ་དགོས། དེ་ནི་ལུས་པོའི་འཕྲོད་བསྟེན་ཆེད་དུ་ཡིན།

བདུན་པ། ཐ་མ་འཐེན་པ་དང་ཆང་འཐུང་བའི་གོམས་གཤིས།

ཁྱོད་ཀྱིས་དུག་རྫས་ཡོད་པའི་ཆང་འཐུང་བ་དང་ཐ་མ་འཐེན་ན་མཁལ་མར་གནོད་འཚེ་ཅན་གྱི་དུག་རྫས་གཙང་མ་བཟོ་རུ་འཇུག་གི་ཡོད། མི་མང་པོ་ཞིག་གིས་དེ་ཚོའི་གནོད་སྐྱོན་མ་ཤེས་པར་ཆང་འཐུང་བ་དང་ཐ་མ་འཐེན་བཞིན་ཡོད། བརྟག་དཔྱད་ཀྱི་སྙན་ཐོའི་ནང་། ཆང་འཐུང་དྲགས་པའི་རྐྱེན་གྱིས་གཟུགས་པོ་ནང་གི་ཆུ་ཉུང་རུ་གཏོང་གི་ཡོད་པ་དང་། དེས་མཁལ་མས་གཟུགས་པོའི་ཆུ་ཚད་སྟངས་འཛིན་སྙོམས་པོར་བྱེད་པར་བཀག་བྱེད་ཀྱི་ཡོད། དེ་བཞིན་ཆང་གིས་ཁྲག་ཤེད་མཐོ་རུ་བཏང་ནས་མཁལ་མའི་ལས་ཀར་གནོད་ཀྱི་ཡོད། དེ་བཞིན་དུག་རྫས་དེའི་རིགས་ཀྱིས་གློ་བའི་སྐྲན་ནད་དང་། གློ་བའི་ན་ཚ། སྙིང་གི་ན་ཚ་བཅས་འབྱུང་བར་བྱེད་ཀྱི་ཡོད། དེ་བཞིན་ཐ་མག་གིས་ཟས་བཅུད་ལུས་པོའི་ཁམས་སུ་འགྲོ་བར་ཡང་འགོག་གི་ཡོད། དེ་འདྲ་བྱས་ནས་མཁལ་མའི་བྱེད་ལས་ཀྱི་ནུས་པ་ཉམས་པར་བྱེད་ཀྱི་ཡོད།

བརྒྱད་པ། ཤ་དམར་གྱི་རིགས་ལ་བསྟེན་པ།

གལ་སྲིད་ཁྱོད་རང་རྒྱུན་དུ་ཤ་དམར་པོ་ཟ་བར་དགའ་པོ་ཡོད་ན། ཁྱོད་ཀྱི་མཁལ་མར་གནོད་སྐྱོན་ཐེབས་ཀྱི་ཡོད། སྲོག་ཆགས་ཀྱི་ཤ་དང་། ཡང་ན་སྤྲི་དཀར་འབྱུང་ཁུངས་ཀྱི་སྲོག་ཆགས་ཀྱི་ཟས་རིགས་ལ་དུག་རྫས་ཀྱི་རིགས་ཟེ་ཚའི་རླངས་རླུང་དང་ཟེ་རླུང་ལྡན། གལ་སྲིད་ཁྱོད་ཀྱིས་ཟས་རིགས་དེ་ཚོ་ཡང་སྲིད་ཟ་ཡི་ཡོད་ན། ཁྱོད་ཀྱིས་མཁལ་མར་ལས་ཀ་ལྷག་མ་སྤྲད་དེ་དུག་རྫས་གཙང་མ་བཟོ་རུ་འཇུག་གི་ཡོད། མཁལ་མར་ལས་ཀ་ལྷག་མ་བྱེད་བཅུག་ན་དེའི་བྱེད་ནུས་ཉམས་ཀྱི་ཡོད། དེར་བརྟེན། སྨན་པས་སྔོ་ཚལ་གྱི་རིགས་མང་ཙམ་ཟ་དགོས་པའི་ལམ་སྟོན་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། ཤ་དམར་པོ་ནི་འཕྲོད་བསྟེན་ལ་གནོད་པ་དང་། ཐ་ན་སྐྲན་ནད་ན་བའི་རྒྱུ་རྐྱེན་དུའང་འགྱུར་གྱི་ཡོད་པས་ཡིན། གལ་སྲིད། ཤ་དམར་པོ་གཅོད་མ་ཐུབ་ནའང་། ཤ་གཞན་པ་ཉ་དང་། འགྲོན་བུའི་རིགས། ཁྱིམ་བྱ་བཅས་ཀྱི་ཤ་ཟ་བའི་ཐབས་ཤེས་གཏོང་དགོས། ཕག་ཤ་ཡང་ཤ་དམར་བའི་རིགས་ཀྱི་ནང་དུ་ཚུད་ཀྱི་ཡོད། མདོར་ན། ཤ་དམར་པོ་ཟ་མཁན་མང་པོ་ཞིག་ལ་མཁལ་མའི་ན་ཚ་འབྱུང་བའི་ཉེན་ཁ་བརྒྱ་ཆ་༤༠་ཡོད།

དགུ་པ། ཡུན་རིང་དུ་སྡོད་པ་དང་ལུས་རྩལ་མི་རྩེད་བ།

ཆུ་ཚོད་ཡུན་རིང་པོར་སྡོད་པ་དང་ལུས་རྩལ་མི་རྩེ་བར་བརྟེན་ནས་ན་ཚ་འདྲ་མིན་འབྱུང་གི་ཡོད། དཔེར་ན། གཅིན་སྙིའི་ནད་དང་། སྙིང་ནད། སྐྲན་ནད་བཅས་འབྱུང་གི་ཡོད། སྨན་པས་གལ་སྲིད་མི་ཞིག་ཆུ་ཚོད་བརྒྱད་ལས་མང་བར་མ་ལངས་པར་བསྡད་པ་དང་ལུས་རྩལ་མ་རྩེས་ན། མཁལ་མའི་ན་ཚ་འབྱུང་བའི་ཉེན་ཁ་བརྒྱ་ཆ་༣༠་ཡོད་པར་བརྗོད་འདུག ཨ་རིའི་ནང་དུ་ལུས་རྩལ་མི་རྩེ་བའི་རྐྱེན་གྱིས། མི་བཅུ་ཡི་ནང་ནས་མི་གཅིག་ལ་མཁལ་མའི་ན་ཚ་ཡོད་འདུག ཁྱོད་རང་གིས་ལུས་རྩལ་རྩེད་སྐབས། གཟུགས་པའི་ཁྲག་གི་འཁོར་བསྐྱོད་དང་ཁྲག་ཤེད་ཀྱི་ཚད་ཏག་ཏག་གནས་པར་ཕན་གྱི་ཡོད། དེ་བཞིན་སྙིང་ཁམས་དང་ཁྲག་རྩའི་ཤ་གནད་ཀྱི་ལས་ཀའང་ཡག་པོ་བྱེད་ཐུབ་པ་དང་། མཁལ་མས་ལས་ཀ་བྱེད་པར་ཡང་ཕན་གྱི་ཡོད།

བཅུ་པ། གཉིད་ཡག་པོ་མི་ཁུག་པ།

གཉིད་ཀྱིས་གཟུགས་པོ་བསྐྱར་གསོ་བྱེད་ཀྱི་ཡོད། ལུས་ཀྱི་དབང་པོ་ཚོས་རྟག་ཏུ་ལས་ཀ་བྱེད་ཀྱི་ཡོད། དེར་བརྟེན། མཁལ་མས་བྱེད་ལས་ཡག་པོ་བྱེད་ཐུབ་པར་གཉིད་དམ་ངལ་གསོ་དགོས། གལ་སྲིད། ཁྱོད་རང་གཉིད་ཡག་པོ་ཁུག་གི་མེད་ན། ཁྱོད་ཀྱི་གཟུགས་པོ་གནོན་ཤུགས་དང་ངལ་དུབ་ལས་བསྐྱར་གསོ་ཡག་པོ་བྱེད་མི་ཐུབ། གཉིད་མ་འདང་བའི་དབང་གིས་ཁྲག་ཤེད་ཀྱང་འཕར་གྱི་ཡོད་པར་མ་ཟད། མཁལ་མའི་བྱེད་ལས་ལའང་གནོད་ཀྱི་ཡོད། མཚན་མོ་རྟག་པར་ཚད་དང་རན་པའི་གཉིད་ཁུག་རྒྱུ་ནི་གལ་ཆེ།

མཇུག་མཐར། མཁལ་མར་གནོད་སྐྱོན་མི་ཡོང་བའི་ཆེད་ཟས་ཡག་པོ་ཟ་དགོས་པ་དང་། ལུས་རྩལ་འདང་ངེས་རྩེད་དགོས་པ། དེ་བཞིན་གོམས་གཤིས་བཟང་པོ་ཞིག་འཇགས་དགོས། གཞན་ཡང་། སྨན་རྫས་ཀྱིས་མཁལ་མར་གནོད་སྐྱོན་བྱེད་ཀྱི་ཡོད་པས་གང་ཐུབ་ཐུབ་ཀྱིས་ཉུང་ཉུང་ཟ་དགོས་སོ། །

བོད་ཀྱི་ལོ་རྒྱུས་ཡིག་ཆ།