20
Sat, Apr

རྒྱ་གར་གྱི་སྲིད་བློན་མོ་ཌི་དང་ནང་སྲིད་བློན་ཆེན་ཨ་མི་ཤ་རྣམ་གཉིས།

གསར་འགྱུར་གཞན།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༨་ཚེས་༨་ཚེས་སྤེལ། རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱིས་རྩ་ཁྲིམས་དོན་ཚན་༣༧༠་དེ་རྩིས་མེད་བཏང་ནས། ཇ་མུ་ཀ་ཤི་མེར་དང་ལ་དྭགས་ལ་དབུས་འཛིན་མངའ་ཁུལ་གྱི་གནས་བབས་སྤྲད་ཡོད་ཅིང་། དེར་རྒྱལ་སྤྱིའི་ཐོག་ནས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཁྱད་པར་དུ་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀྱིས་དེའི་ཐད་་ལ་སྐྱོན་བརྗོད་དྲག་པོ་བྱས་འདུག

དེ་ཡང་། ཟླ་འདིའི་ཚེས་༥་ཉིན། རྒྱ་གར་གྱི་ནང་སྲིད་བློན་ཆེན་(Amit Shah)གྱིས་གྲོས་ཚོགས་ར་བའི་ནང་། ༢༠༡༩ལོའི་ཇ་མུ་དང་ཀ་ཤི་མེར་་ཐོག་བསྐྱར་དུ་སྒྲིག་འཛུགས་དགོས་པའི་ཁྲིམས་འཆར་ཞིག་བཏོན་ཡོད་པ་དང་། ཁྲིམས་འཆར་དེ་ནི་ཇ་མུ་དང་ཀ་ཤི་མེར་རང་སྐྱོང་དེར་དབུས་འཛིན་མངའ་ཁུལ་གཉིས་སུ་བགོས་ནས། རྒྱ་གར་དབུས་གཞུང་གིས་ཐད་ཀར་འཛིན་སྐྱོང་སྟངས་འཛིན་བྱེད་པའི་མངའ་ཁུལ་བྱེད་རྒྱུ་དེ་ཡིན་འདུག

དེ་ནས་རྒྱ་གར་གྲོས་ཚོགས་གོང་མ་ནས་ཁྲིམས་འཆར་དེར་འཐུས་མི་༡༢༥་ཡི་རྒྱབ་སྐྱོར་གྱི་འོས་ཤོག་དང་། འཐུས་མི་༦༡་གིས་མོས་མཐུན་མེད་པའི་འོས་ཤོག་བླུགས་འདུག

དེའི་རྗེས། ཚེས་༦་ཉིན། ཇ་མུ་དང་ཀ་ཤི་མེར་ཐོག་བསྐྱར་དུ་སྒྲིག་འཛུགས་ཤིག་དགོས་པའི་ཁྲིམས་འཆར་དེ་རྒྱ་གར་གྲོས་ཚོགས་འོག་མའི་ནང་བཏོན་ཡོད་པ་དང་། ཁྲིམས་འཆར་དེའི་ཐོག་ལ་རྒྱབ་སྐྱོར་གྱི་འོས་༣༥༡་དང་མོས་མཐུན་མེད་པའི་འོས་༧༢བླུགས་ཡོད་པ་རེད། དེར་བརྟེན། རྩ་ཁྲིམས་དོན་ཚན་༣༧༠་དེ་རྩིས་མེད་ཆགས་ནས། ཇ་མུ་དང་ཀ་ཤི་མེར་དབུས་འཛིན་མངའ་ཁུལ་དང་། དེར་ཁྲིམས་བཟོ་ལྷན་ཁང་ལྡན་པའི་མངའ་ཁུལ་ཞིག་དང་། ལ་དྭགས་དབུས་འཛིན་མངའ་ཁུལ། དེར་ཁྲིམས་བཟོ་ལྷན་ཁང་མེད་པའི་རྒྱ་གར་དབུས་གཞུང་གིས་ཐད་ཀར་སྟངས་འཛིན་བྱེད་པའི་མངའ་ཁུལ་དུ་བསྒྱུར་རྒྱུ་ཡིན་འདུག

ཁྲིམས་འཆར་དེའི་ཐོག་ལ་རྒྱལ་སྤྱིའི་སྟེང་ནས་བསམ་འཆར་འདོན་མཁན་འདྲ་མིན་བྱུང་དང་འབྱུང་བཞིན་ཡོད་འདུག དེ་ཡང་དགའ་བསུ་ཞུ་མཁན་དང་། ངོ་རྒོལ་བྱེད་མཁན། སྐྱོན་བརྗོད་བྱེད་མཁན་བཅས་འདྲ་མིན་ཡོང་གི་ཡོད་འདུག

ལ་དྭགས་མི་མང་ལ་མཚོན་ན་དེ་ནི་ཡུན་རིང་ལ་སྒུག་པའི་དམིགས་ཡུལ་ཞིག་གྲུབ་པ་ཡིན་པ་དང་། ཇ་མུ་དང་ཀ་ཤི་མེར་ནས་ཆབ་སྲིད་ཀྱི་སྲིད་དབང་དང་འཛིན་སྐྱོང་སོགས་ལོགས་སུ་ཆགས་པར་ལ་དྭགས་པ་ཚང་མས་དགའ་དགའ་སྤྲོ་སྤྲོ་བྱེད་བཞིན་ཡོད་འདུག

སྲིད་འཛིན་མོ་ཌི་མཆོག་གིས་ཀྱང་། ཁོ་རང་གི་ཁྲུས་ཁྲིུ(Twitter)་བརྒྱུད་ནས་ལ་དྭགས་མི་མང་ལ་བོད་ཡིག་གི་ཐོག་ནས་མཚམས་འདྲི་བདེ་ལེགས་ཞུས་ཡོད་འདུག

ཁྲིམས་འཆར་དེ་དངོས་སུ་གྲོས་ཚོགས་གོང་འོག་གཉིས་ནང་རྒྱལ་ཁབ་ཐོབ་རྗེས། རྒྱ་ནག་གཞུང་གིས་རྒྱ་གར་ལ་ཁྲིམས་དེ་ཕྱིར་འཐེན་བྱེད་དགོས་པ་དང་། དམིགས་བསལ་ལ་དྭགས་ལ་དབུས་འཛིན་མངལ་ཁུལ་སྤྲད་པ་ནི་རྒྱ་ནག་ཕྱོགས་ནས་དང་ལེན་བྱེད་མི་ཐུབ་པ་ཞིག་རེད་ཅེས་བརྗོད་ཡོད་འདུག དེ་ཡང་། རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་བསྒྲགས་གཏམ་ཤིག་སྤེལ་བའི་ནང་། རྒྱ་གཞུང་གིས་རྒྱ་གར་རང་ཉིད་ཀྱིས་བཤད་པའི་སྐད་ཆ་དང་བྱས་པའི་ལས་ལ་དོགས་གཟབ་བྱེད་དགོས་པ་དང་། རྙོག་འཛིང་ཆེ་བའི་ས་མཚམས་དེའི་ཐོག་ལ་ཛ་དྲག་ཆེ་རུ་མི་གཏོང་བར་བྱེད་དགོས་པའི་སྐོར་བརྗོད་འདུག

དེ་ནས་རྒྱ་གར་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པས་རྒྱ་ནག་གིས་སྐྱོན་བརྗོད་ལ་དང་ལེན་བྱས་མེད་པ་དང་། ལ་དྭགས་ལ་དབུས་འཛིན་མངའ་ཁུལ་སྤྲད་པའི་ལས་དོན་ནི་རྒྱ་གར་ནང་ཁུལ་གྱི་ལས་དོན་ཞིག་ཡིན་ཞེས་བརྗོད་ཡོད་པ་དང་། རྒྱ་གར་གྱིས་རྒྱལ་ཁབ་གཞན་གྱི་ནང་ཁུལ་གྱི་གནད་དོན་ཐོག་ལ་ཐེ་བྱུས་བྱེད་ཀྱི་མེད། རྒྱལ་ཁབ་གཞན་གྱིས་ཀྱང་རྒྱ་གར་ནང་ཁུལ་གྱི་གནད་དོན་ལ་ཐེ་བྱུས་མི་བྱེད་པའི་རེ་བ་བྱེད་ཀྱི་ཡོད་ཅེས་ལན་བརྒྱབ་འདུག

ཉེ་སྔོན། རྒྱ་གར་གྱིས་དམག་མི་༣༨༠༠༠་ཞིག་ཇ་མུ་དང་ཀ་ཤི་མེར་ནང་བཏང་ཡོད་པ་དང་། དེ་ནི་ས་ཁུལ་དེའི་ནང་རྙོག་དྲ་དང་འཐབ་འཛིང་འགོག་འཆར་ཡིན་འདུག དེ་བཞིན། ཇ་མུ་དང་ཀ་ཤི་མེར་འི་མངའ་ཁུལ་ནང་བརྡ་རྟགས་དང་འབྲེལ་ལམ་ཆ་ཚང་བཀག་ཡོད་སྐོར་བརྗོད་འདུག

པ་ཀེ་སི་ཐན་གྱི་སྲིད་བློན་གྱིས་རྒྱ་གར་གྱི་ཁྲིམས་འཆར་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ནང་ལའང་གནད་དོན་དེའི་ཐད་གླེང་རྒྱུ་ཡིན་པར་བརྗོད་འདུག དེ་རིང་། པ་ཀེ་སི་ཐན་ནང་ཡོད་པའི་རྒྱ་གར་གྱི་སྐུ་ཚབ་ཕྱིར་ཕུད་བཏང་ཡོད་པ་དང་། རྒྱལ་ཁབ་གཉིས་བར་ཚོང་འབྲེལ་གྱི་འབྲེལ་ཐག་ཀྱང་བཅད་ཡོད་འདུག

རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་ ༣༧༠ ནི། རྒྱ་གར་གཞུང་གིས་༡༩༥༤ ལོར་རྩ་ཁྲིམས་དོན་ཚན་ཇ་མུ་དང་ཀ་ཤི་མིར་རྒྱ་གར་མཉམ་དུ་ཟླ་འབྲེལ་བྱེད་སྐབས་སྤྲད་པའི་རྩ་ཁྲིམས་ཞིག་ཡིན་པ་དང་། རྩ་ཁྲིམས་དོན་ཚན་ ༣༧༠་བརྒྱུད་ནས་ཇ་མུ་དང་ཀཱ་ཤི་མིར་ལ་རང་ཉིད་ཀྱི་རྩ་ཁྲིམས་བཟོ་པའི་ཐོབ་ཐང་ཡོད་འདུག དེ་ནི་ཇ་མུ་དང་ཀ་ཤི་མིར་གྱི་དམིགས་བསལ་གནས་བབ་སྲུང་སྐྱོབ་ཆེད་དུ་ཡིན་འདུག