15
Sun, Dec

༢༠༡༩ལོའི་ཟླ་༧་ཚེས་༡༡་ཉིན། ལྷོ་ཨ་ཧྥི་རི་ཁའི་གྲོས་ཚོགས་འཐུས་མི་མེ་ཁུ་ལེ་ཀོ་ལགས་ཀྱིས་ལྷོ་ཨ་ཧྥི་རི་ཁའི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་གྱི་གྱི་གཏམ་བཤད་ཤོད་སྐབས།

བོད་དོན་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༧་ཚེས་༢༦་ཉིན་སྤེལ། ཉེ་ཆར་ལྷོ་ཨ་ཧྥི་རི་ཁའི་གྲོས་ཚོགས་ནང་དུ། ཨན་ཁ་ཐ་རང་དབང་ཚོགས་པ་ནས་ཡིན་པའི་གྲོས་ཚོགས་འཐུས་མི་མེ་ཁུ་ལེ་ཀོ་ལགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་ཡོད་ཅིང་། ལྷོ་ཨ་ཧྥི་རི་ཁ་ཡིས་འགྲོ་བ་མིའི་ཐོབ་ཐང་བརྩི་འཇོག་བྱེད་པའི་ཐོག་ནས་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག

དེ་ཡང་། ཟླ་འདིའི་ཚེས་༡༡་ཉིན། གྲོས་ཚོགས་འཐུས་མི་མེ་ཁུ་ལེ་ཀོ་ལགས་ཀྱིས་ལྷོ་ཨ་ཧྥི་རི་ཁ་ཡི་གྲོས་ཚོགས་ནང་དུ། སྐར་མ་ལྔ་ཡི་གཏམ་བཤད་ཤོད་སྐབས། རྒྱ་ནག་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང་། ལྷོ་ཨ་ཧྥི་རི་ཁ་ཡིས་རྒྱ་ནག་ལྷན་དུ་ཚོང་འབྲེལ་མ་བྱས་གོང་། འགྲོ་བ་མིའི་ཆེ་མཐོང་དང་། རང་དབང་། དྲང་བདེན་སོགས་ལ་བརྩི་འཇོག་བྱེད་དགོས། ཞེས་བརྗོད་འདུག

ཁོང་གིས་གྲོས་ཚོགས་སུ་བརྗོད་དོན། ང་དེའི་སྔོན་ལྷོ་ཨ་ཧྥི་རི་ཁའི་ནང་གི་རེ་ཏོ་རིར། ལྷོ་ཨ་ཧྥི་རི་ཁའི་ནང་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་བྱས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོར་ཐོག་ལ་འགྲོ་བའི་གོ་སྐབས་བྱུང་སོང་། ངས་དེ་རིང་གྱོན་པའི་བོད་གོས་ནི་དེའི་སྐབས་གནང་བ་ཞིག་རེད། ང་ཚོ་ལྷོ་ཨ་ཧྥི་རི་ཁ་ནི་རང་དབང་ལྡན་པའི་རྒྱལ་ཁམས་ཤིག་ཡིན་པའི་ཆ་ནས། འཛམ་གླིང་ནང་གཉའ་གནོན་བཏང་བའི་མི་རྣམས་ཀྱི་སྐྱབས་ཡུལ་ཞིག་ཏུ་འགྱུར་དགོས་པའི་དྲན་སྐུལ་ཞུ་རྒྱུ་ཡིན་ཞེས་དང་།

ཁོང་གིས་དེ་སྔོན་༸གོང་ས་མཆོག་ལྷོ་ཨ་ཧྥི་རི་ཁའི་གཞུང་ནས་མཐོང་མཆན་མ་སྤྲད་པའི་ཐོག་ལ་བསམ་ཞིབ་བྱེད་དགོས་པའི་སྐོར་ལ་འདི་ལྟར་བརྗོད་འདུག ང་ཚོས་ངེས་པ་དུ་དེ་སྔོན་ཏཱ་ལའི་བླ་མ་མཆོག་ལ་མཐོང་མཆན་མ་སྤྲད་པའི་ཐོག་ལ་བསམ་ཞིབ་བྱེད་དགོས། ང་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་སྣང་མེད་གཏོང་མི་རུང་ཞེས་བརྗོད་འདུག

ང་ཚོས་ས་ཧ་ར་དང་། ཡི་སུ་རེ་ལི། པ་ལེ་སི་ཐན་བཅས་ཀྱི་སྐོར་བཤད་པ་བཞིན། ང་ཚོས་ངེས་པ་དུ་རྒྱ་ནག་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང་། དེའི་རྒྱལ་ཁབ་གཅིག་གི་སྲིད་བྱུས་ཀྱི་ཐོག་ལའང་གླེང་དགོས། རྒྱ་གཞུང་གིས་རང་དབང་དང་མང་གཙོ་འདོད་པའི་བོད་མི་དང་ཐེ་ཝན་ལ་གཉའ་གནོད་དང་གཏོར་བཤིག་གཏོང་གི་ཡོད་ཅེས་དང་།

རྒྱ་གར་གྱིས་༸གོང་ས་མཆོག་ལ་རྒྱབ་སྐྱོར་དང་སྡོད་གནས་སྤྲད་ཡོད་པ་ལྟར། ང་ཚོ་ལྷོ་ཨ་ཧྥི་རི་ཁའི་གཞུང་གིས་ཀྱང་། ང་ཚོའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་མི་གཏོང་བའི་ཐོག་ནས་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་བྱེད་ཐབས་བྱེད་དགོས། ཞེས་ཁོང་གིས་བརྗོད་འདུག

མཇུག་མཐར། ཁོང་གིས་གནམ་གཤིས་འགྱུར་ལྡོག་སྐོར་བཤད་དོན། ང་ཚོས་ངེས་པར་དུ་གནམ་གཤིས་འགྱུར་ལྡོག་ཐོག་གལ་གནད་འཛིན་དགོས་པ་མ་ཟད་། འཛམ་གླིང་གང་སར་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བ་ལའང་ཁ་གཏད་གཅོག་དགོས། ལྷོ་ཨ་ཧྥི་རི་ཁ་ཡིས་གླིང་ཕྲན་འདིར་འོད་སྣང་སྤྲོད་དགོས་པ་ཙམ་མ་ཟད། གོ་ལོའི་སྡིངས་ཆ་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ལའང་བརྩི་བཀུར་དང་ཡར་རྒྱས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་ལ་ཉེས་འཛུགས་ཀྱང་བྱེད་དགོས་ཞེས་བརྗོད་འདུག ལྷོ་ཨ་ཧྥི་རི་ཁ་ནང་གི་ཨན་ཁ་ཐ་རང་དབང་ཚོགས་པས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལྷོ་ཨ་ཧྥི་རི་ཁར་ཐེངས་གཉིས་གདན་འདྲེན་ཞུས་ཡོད་འདུག དང་པོ་ནི་༢༠༡༨་ལོའི་ཟླ་༢་པའི་ནང་དང་། གཉིས་པ་ནི་༢༠༡༩ལོའི་ཟླ་གཉིས་པའི་ནང་ཕེབས་འདུག