19
Fri, Apr

༢༠༡༩ལོའི་ཟླ་༨་ཚེས་༡༡་ཉིན། ཧོང་ཀོང་ནང་ངོ་རྒོལ་བྱེད་མཁན་ཚོར་ཉེན་རྟོག་པས་མིག་ཆུ་དུག་རླུང་གཏོང་སྐབས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༨་ཚེས་༡༡་ཉིན། ཧོང་ཀོང་དུ་བདུན་ཕྲག་བཅུ་པའི་ངོ་རྒོལ་དེ་བྱས་ཡོད་ཅིང་། ཉེན་རྟོག་པ་དང་ཞི་རྒོལ་བ་དབར་ལ་འཁྲུག་འཛིངས་ཤོར་ཡོད་པ་དང་། མིག་ཆུ་དུག་རླུང་བཏང་ཡང་ཡོད་འདུག དེའི་ཁྲོད་ངོ་རྒོལ་བ་མི་སྣ་དགུ་ལ་རྨས་སྐྱོན་ཕོགས་འདུག གཞན་ཡང་ཧོང་ཀོང་དུ་ངོ་རྒོལ་བྱུང་བ་ནས་བཟུང་མི་གྲངས་༦༠༠་འཛིན་བཟུང་བྱས་ཡོད་པར་བརྗོད་འདུག

དེ་ཡང་། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་ལྟར་ན། ཧོང་ཀོང་དུ་བདུན་ཕྲག་རེའི་ནང་མི་མང་ཚོས་རྒྱ་གཞུང་དང་ཧོང་ཀོང་སྲིད་གཞུང་ལ་ངོ་རྒོལ་ཐེངས་རེ་བྱེད་ཀྱི་ཡོད་པ་དང་། གོང་ཚེས་ཉིན། བདུན་ཕྲག་བཅུ་པའི་ངོ་རྒོལ་དེ་བྱས་ཡོད་འདུག ཧོང་ཀོང་གི་ས་ཕྱོགས་གང་ས་ནས་ངོ་རྒོལ་བྱས་ཡོད་པ་དང་། ཉེན་རྟོག་པས་ངོ་རྒོལ་ཚོའི་ཐོག་ལ་སྔར་ལས་དྲག་གནོན་ཆེ་རུ་བཏང་ཡོད་འདུག

དང་ཐོག་མི་མང་ཚོ་ཞི་བའི་ངོ་རྒོལ་བྱས་ནས་ཕྱིན་ཡོད་ཅིང་། དེ་ནས་ཉེན་རྟོག་པས་ངོ་རྒོལ་བ་ཚོར་ངོ་རྒོལ་བྱེད་པའི་ས་མཚམས་ལས་རྒལ་མི་ཆོག་པའི་ཉེན་བརྡ་གཏོང་བཞིན། མིག་ཆུ་དུག་རླུང་བཏང་ཡོད་པ་མ་ཟད། ངོ་རྒོལ་བ་ཚོ་དང་འཁྲུག་འཛིངས་ཀྱང་ཤོར་ནས་ལོ་ན་༡༧་ནས་༥༩་ཡིན་པའི་མི་དགུ་ལ་རྨས་སྐྱོན་ཕོགས་ནས་སྨན་ཁང་དུ་ཁྲིད་དགོས་བྱུང་འདུག

ངོ་རྒོལ་འབྱུང་སྐབས། ཉེན་རྟོག་པས་བཅའ་སྡོད་མི་མང་ལ་གནས་ཚུལ་ཚབ་ཆེན་ཆགས་སྲིད་པའི་ཉེན་བརྡ་བཏང་ཡོད་པ་དང་། གལ་སྲིད་བྱུང་ན། སྒོ་དང་སྒེའུ་ཁུང་བརྒྱབ་ནས་ཁྱིམ་ནང་སྡོད་དགོས་པའི་ཉེན་བརྡ་བཏང་འདུག

དེ་ཡང་། ཧོང་ཀོང་ཉེན་རྟོག་པས་བརྗོད་གསལ་ལྟར་ན། ད་བར་ངོ་རྒོལ་བྱེད་མཁན་༦༠༠་ཙམ་ཞིག་འཛིན་བཟུང་བྱས་པ་དང་། ཁོ་ཚོ་འཛིན་བཟུང་བྱེད་དགོས་དོན་ནི། ངོ་རྒོལ་ནང་འཛུལ་ཞུགས་བྱས་པ་དང་། ཁྲིམས་མཐུན་མེད་པའི་འདུ་འཛོམས་བྱས་པ། ཉེན་རྟོག་པར་རྒོལ་ལན་སློགས་པ། ངོ་རྒོལ་ཚོའི་ལག་ཏུ་ལག་ཆ་འཁྱེར་ཡོད་པ་བཅས་ཀྱི་ཉེས་མིང་འོག་ཏུ་འཛིན་བཟུང་བྱས་ཡོད་འདུག

གཞན་ཡང་། ཧོང་ཀོང་གི་གནམ་ཐང་ནི་འཛམ་གླིང་ནང་གི་གནམ་ཐང་བྲེལ་འཚབ་ཆེ་ཤོས་ཤིག་ཡིན་པ་དང་། ཉིན་རེར་གནམ་གྲུ་༡༠༠༠་ལྷག་འཕུར་སྐྱོད་བྱེད་ཀྱི་ཡོད་འདུག དེར་བརྟེན། ཧོང་ཀོང་གི་གནམ་ཐང་དུ་ཧོང་ཀོང་ངོ་རྒོལ་བ་ཚོས་ཞི་བའི་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཧོང་ཀོང་ལ་མང་གཙོ་དགོས། ཧོང་ཀོང་སྐྱོབ་རོགས། ཉེན་རྟོག་པའི་སྡུག་རྩུབ་མཚམས་འཇོག་དགོས། ཞེས་པའི་ཞི་བའི་འབོད་སྒྲ་སྒྲོག་བཞིན་ཡོད་འདུག དེ་བཞིན་ཁོ་ཚོའི་དགོས་འདུན་རྣམས་ཤོག་ལེབ་ཅིག་གི་སྟེང་དུ་བྲིས་ནས་འགྲུལ་བསྐྱོད་པ་ཚོ་ལ་སྤྲོད་བཞིན་ཡོད་འདུག

དེ་བཞིན། ཟླ་འདིའི་ཚེས་༨་ཉིན། ཧོང་ཀོང་གི་ཁྲིམས་རྩོད་པ་སྟོང་ཕྲག་ཁ་ཤས་ཤིག་གིས། ཧོང་ཀོང་ནང་འཛིན་བཟུང་བྱས་པའི་ངོ་རྒོལ་བ་ཚོར་ཁྲིམས་ཐག་གཅོད་བྱེད་བཞིན་ཡོད་པ་རྣམས་ནི་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པར་ཡིད་ཆེས་བྱས་ནས་ཞི་བའི་ངོ་རྒོལ་བྱས་ཡོད་འདུག

གཞན་ཡང་། རྒྱ་གཞུང་གིས་ཧོང་ཀོང་ནང་གི་ངོ་རྒོལ་བ་ཚོར་དྲག་གནོན་བྱེད་རྒྱུ་ཡིན་པའི་ཉེན་བརྡ་རབ་དང་རིམ་པ་གཏོང་བཞིན་ཡོད་པ་དང་། དེ་བཞིན་ཧོང་ཀོང་ནང་གི་ཉེན་རྟོག་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་འདུག རྒྱལ་སྤྱིའི་ཐོག་མི་ཁ་ཅིག་གིས་ཧོང་ཀོང་གི་རང་དབང་དང་མང་གཙོའི་ཆེད་དུ་ངོ་རྒོལ་བྱེད་མཁན་རྣམས་ལ་རྒྱ་གཞུང་གིས། ༡༩༨༩་ལོར་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་སློབ་ཕྲུག་ཚོར་དྲག་སྤྱོད་བྱས་པ་བཞིན། དྲག་གནོན་བྱེད་མི་ཡོང་ངམ་སྙམ་ཏེ་སེམས་ཁྲལ་བྱེད་བཞིན་ཡོད་འདུག

དེ་ཡང་། རྒྱལ་ཁབ་མང་པོ་ཞིག་གི་ནང་དུ། མི་མང་ཚོས་ཧོང་ཀོང་གི་མང་གཙོ་དང་རང་དབང་གི་ཆེད་དུ་ངོ་རྒོལ་བྱེད་བཞིན་པ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད་ཅིང་། དམིགས་བསལ། ཐེ་ཝན་དང་ཨ་རི་སོགས་སུ་ཡོད་པའི་བོད་མི་ཚོས་ཀྱང་ཁོ་ཚོར་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ཡོད་འདུག