20
Fri, Sep

རྒྱ་ནག་ལ་རྒྱལ་ཁབ་༢༢་ལྷག་གིས་རྒྱལ་ཚོགས་ནང་སྐྱོན་བརྗོད་བྱས་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་༧་ཚེས་༡༡་ཉིན་སྤེལ། ཉེ་ཆར་རྒྱལ་སྤྱི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ་འཚོགས་བཞིན་ཡོད་པ་དང་། རྒྱབ་ཁབ་༢༠་ལྷག་གིས་རྒྱ་ནག་ནང་ཡུ་གུར་གཙོས་མི་རིགས་གཞན་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་མེད་པར་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། རྒྱ་གཞུང་གིས་ཡུ་གུར་ས་ཡ་གཉིས་ལྷག་བཀག་ཉར་བྱས་ཡོད་པ་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས་པའི་སྙན་ཞུ་ཞིག་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོ་འགན་འཛིན་ལའང་ཕུལ་འདུག

དེ་ཡང་། རྒྱལ་སྤྱི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་ཟླ་༦་ཚེས་༢༤་ནས་ཟླ་༧་ཚེས་༡༢་བར་སི་ཝེ་ཛི་ལན་ཁྲིའི་གྲོང་ཁྱེར་ཇེ་ནེ་ཝར་འཚོགས་བཞིན་ཡོད་པ་དང་། ལྷན་ཚོགས་དེ་ནི་འཛམ་གླིང་སྟེང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་ལ་གོ་བསྡུར་དང་སྙན་གསེང་ཞུ་ས་ཞིག་ཡིན་འདུག ལྷན་ཚོགས་དེ་འཚོགས་སྐབས། ས་གནས་དེར་ཡོད་པའི་བོད་མི་ཚོས་བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྐོར་སོགས་བརྗོད་ནས་ངོ་རྒོལ་བྱས་ཡོད་ཅིང་། ཡུ་གུར་བ་ཚོས་ཀྱང་ཡུ་གུར་བ་ས་ཡ་གཉིས་ལྷག་བཀག་ཉར་བྱས་ནས་སྡུག་རྩུབ་མྱོང་བཞིན་ཡོད་པའི་སྐོར་བརྗོད་ནས། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་མདུན་ཐང་དུ་ངོ་རྒོལ་བྱས་ཡོད་པ་རེད།

གཞན་ཡང་། རྒྱལ་ཁབ་རྒྱལ་ཁབ་༢༢་ཡིས་མཉམ་འབྲེལ་ཐོག་རྒྱ་གཞུང་གིས་ཡུ་གུར་ས་ཡ་གཉིས་ལྷག་བཀག་ཉར་བྱས་ཡོད་པ་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས་པའི་སྙན་ཞུ་ཞིག་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོ་འགན་འཛིན་ལ་ཕུལ་ཡོད་པ་རེད། རྒྱལ་ཁབ་དེ་དག་ནི་ཁ་ཎ་ཌ། ཨོ་སུ་ཁྲི་ལི་ཡ། ཉི་ཧོང་། དབྱིན་ཇི། ཧྥ་རན་སུ། ཇར་མན། སི་ཝེ་ཛི་ལན་ཁྲི། ཉུག་ཛི་ལན་ཁྲི་སོགས་ཡིན་འདུག

དེ་བཞིན། བོད་ཀྱི་སྐུ་ཚབ་དང་། ཧོང་ཀོང་གི་སྐུ་ཚབ་བཅས་ཀྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྐོར། རྒྱལ་སྤྱི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་སྙན་གསེང་ཞུས་ཡོད་འདུག དེ་ཡང་། ཟླ་འདིའི་ཚེས་༤་ཉིན། བོད་ཀྱི་སྐུ་ཚབ་དཀོན་མཆོག་གཡུ་ཐོག་ལགས་ཀྱིས་རྒྱལ་སྤྱི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་སྐོར་དང་། བོད་ནི་འཛམ་གླིང་སྟེང་གི་ཆེས་རང་དབང་མེད་པའི་རྒྱལ་ཁབ་གཉིས་པ་དེ་ཡིན་པར་གཏམ་བཤད་བྱས་ཡོད་འདུག

ད་དུང་། ཟླ་འདིའི་ཚེས་༨་ཉིན་ལ་ཧོང་ཀོང་གི་སྐུ་ཚབ་ཌེ་ནི་སེ་ཧོ་ཡིས། རྒྱལ་སྤྱི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག རྒྱ་གཞུང་གིས་ཧོང་ཀོང་ནང་གི་མང་གཙོའི་ལམ་ལུགས་ལ་ནུས་པ་གང་ཡོད་ཀྱིས་རྡོག་རོལ་གཏོང་གི་ཡོད་པ་དང་། ཧོང་ཀོང་མི་མང་ལ་སྲུང་སྐྱོབ་བྱེད་རོགས། རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འབུད་གཏོང་དགོས་པའི་རེ་འདུན་ཡང་བཏོན་འདུག

འོན་ཀྱང་། རྒྱ་གཞུང་གི་སྐུ་ཚབ་ཀྱིས་སྔར་བཞིན་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཡོད་པ་དང་། སྐྱོན་བརྗོད་བྱེད་མཁན་ཚོས་བཤད་པ་ནི་ཁུངས་མེད་ལུང་མེད་རེད་ཅེས་ཧམ་བཤད་བྱས་ཏེ། དེའི་སྐོར་ལ་ངོ་ལེན་གང་ཡང་བྱས་མི་འདུག