22
Fri, Nov

ཨ་རིས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་གཉིས་ལྷག་གི་གོ་མཚོན་བཙོང་རྒྱུའི་ཁས་ལེན་བྱས་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༧་ཚེས་༡༠་ཉིན་སྤེལ། ཉེ་སྔོན་ཐེ་ཝན་གྱིས་ཨ་རིའི་ལག་ནས་གོ་མཚོན་འབོར་ཆེན་ཞིག་ཉོ་རྒྱུའི་རེ་འདུན་བཏོན་ཡོད་པ་ལྟར། ཟླ་འདིའི་ཚེས་༨་ཉིན་ཨ་རིའི་སྲིད་གཞུང་གིས་ཐེ་ཝན་ལ་ཨ་སྒོར་ཐེར་འབུམ་གཉིས་ལྷག་གི་རིན་གོང་ལྡན་པའི་གོ་མཚོན་བཙོང་བའི་ཁས་ལེན་བྱས་ཡོད་འདུག དེ་མ་ཐག་རྒྱ་གཞུང་གིས་ཨ་རིའི་ཐག་གཅོད་དེ་ཕྱིར་འཐེན་བྱེད་དགོས་པའི་ཉེན་བརྡའང་བཏང་ཡོད་འདུག

དེ་ཡང་། ཟླ་འདིའི་ཚེས་༨་ཉིན་ལ། ཨ་རིའི་བདེ་སྲུང་མཉམ་འབྲེལ་ལས་ཁུངས་ནས་གསལ་བསྒྲགས་སྤེལ་བའི་ནང་། ཨ་རིའི་སྲིད་གཞུང་ནས་ཐེ་ཝན་ལ་ཐང་ག་རི་དང་། མཁའ་དམག་གནམ་གྲུ མེ་མདའ་སྦག་སྦག མདེའུ། ཐང་ག་རི་འོར་འདྲེན་བྱེད་པའི་འཕྲུལ་འཁོར་སོགས་ཨ་སྒོར་ཐེར་འབུམ་གཉིས་ལྷག་གི་རིན་གོང་ལྡན་པའི་གོ་མཚོན་བཙོང་རྒྱུར་ཡིན་པ་གསལ་ཡོད་འདུག

དེ་ནས་ཐེ་ཝན་གྱི་སྲིད་འཛིན་ལས་ཁུངས་ནས། ཨ་རི་ཡིས་ཐེ་ཝན་ལ་གོ་མཚོན་དེ་དག་བཙོང་བའི་ཁས་ལེན་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། ཐེ་ཝན་ཕྱོགས་ནས་རང་གི་རྒྱལ་ཁབ་ཉེན་སྲུང་ཆེད་དུ་འགྲོ་སོང་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་མ་ཟད། ཨ་རི་དང་མཉམ་དུ་མུ་མཐུད་ནས་བདེ་སྲུང་ཐོག་འབྲེལ་བ་གཏིང་ཟབ་གཏོང་རྒྱུ་ཡིན་པར་ཡང་བརྗོད་འདུག

དེའི་རྗེས། ཟླ་འདིའི་ཚེས་༩་ཉིན། རྒྱ་གཞུང་གི་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པས་ཨ་རིས་ཐེ་ཝན་ལ་གོ་མཚོན་བཙོང་བའི་ཐག་གཅོད་བྱས་པ་དེ་ལམ་སང་ཕྱིར་འཐེན་བྱེད་དགོས་པ་དང་། དེ་ནི་རྒྱ་ནག་གི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་ཀྱི་ཡོད་སྐོར་དང་། དེ་བཞིན་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་སླར་ཡང་ཤུགས་རྐྱེན་ངན་པ་མི་ཐེབས་ཆེད་དུ། ཨ་རི་ཡིས་མ་འོངས་པའང་ཐེ་ཝན་དང་དམག་དོན་འབྲེལ་བ་མཚམས་འཇོག་དགོས་པ་སོགས་བརྗོད་འདུག

ཆབ་སྲིད་དཔྱད་བརྗོད་པ་ཚོས་གནས་ཚུལ་དེའི་སྐོར་ལ་འགྲེལ་བརྗོད་འདི་ལྟར་བྱས་འདུག ཨ་རྒྱ་གཉིས་ཀྱི་ཚོང་དམག་མུ་མཐུད་ནས་རྒྱག་བཞིན་ཡོད་པ་དང་། ཐེངས་འདི་ཨ་རིས་ཐེ་ཝན་ལ་གོ་མཚོན་འབོར་ཆེན་བཙོང་རྒྱུའི་ཁས་ལེན་བྱས་པ་ནི་ཨ་རྒྱ་གཉིས་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་རྒྱུར་ཡིན་པར་འགྲེལ་བརྗོད་བྱས་འདུག

དེ་ཡང་། དེ་སྔོན་འདི་གའི་གསར་ཁང་ནས་གནས་ཚུལ་སྤེལ་བའི་ནང་། འདི་ལོ་ཟླ་༦ཚེས་༦ཉིན། ཐེ་ཝན་ཕྱི་སྲིད་བློན་ཆེན་གྱིས་ཐེ་ཝན་ངོས་ནས་ཨ་རིའི་ལག་ནས་ཐང་ག་རི་བརྒྱ་ལྷག་དང་། མཁའ་དམག་གནམ་གྲུ དེ་བཞིན་ཐང་ག་རིར་འགོག་མདའ་སོགས་ཨ་སྒོར་ཐེར་འབུམ་གཉིས་ལྷག་གི་རིན་གོང་ལྡན་པའི་གོ་མཚོན་ཉོ་རྒྱུར་གཏན་འཁེལ་ཡོད། ཅེས་བརྗོད་འདུག་ཅིང་། སྐབས་དེར་ཡང་། རྒྱ་ནག་གི་ཕྱོགས་ནས་དེའི་ཐད་ལ་སེམས་ཁྲལ་དང་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག

སྐབས་དེར། ཁོའི་བསྒྲགས་གཏམ་ནང་དུ་གསལ་དོན། གོ་མཚོན་ཉོ་བའི་རེ་འདུན་གྱི་ནང་དུ་(108M1A2)རྟགས་ཅན་གྱི་ཐང་ག་རི་དང་། (1,240 TOW anti-armour missiles)རྟགས་ཅན་གྱི་དམག་འཐབ་འགོག་མདའ། (409 Javelin anti-tank missiles)རྟགས་ཅན་གྱི་ཐང་ག་རིར་འགོག་མདའ། (250 Stinger man-portable air defence systems)རྟགས་ཅན་གྱི་མཁའ་དམག་གནམ་གྲུ་བཅས་ཡོད་འདུག་པ་མ་ཟད། ཡར་ཐོན་ཅན་གྱི་མཁའ་དམག་གནམ་གྲུ་(F-16 fighter jets)རྟགས་ཅན་དྲུག་ཅུ་རེ་དྲུག་ཉོ་འཆར་ཡོད་པའང་གསལ་འདུག

དེ་ནས་ཟླ་འདིའི་ཚེས་༨་ཉིན། ཐེ་ཝན་གྱིས་ཟླ་གཅིག་གི་སྔོན་ལ་ཨ་རིར་གོ་མཚོན་ཉོ་བའི་རེ་འདུན་ཞུས་པ་ལྟར། ཨ་རིའི་སྲིད་གཞུང་གིས་ཐེ་ཝན་ལ་ཨ་སྒོར་ཐེར་འབུམ་གཉིས་ལྷག་གི་རིན་གོང་ལྡན་པའི་གོ་མཚོན་བཙོང་བའི་ཁས་ལེན་བྱས་ཡོད་འདུག