15
Tue, Oct

༢༠༡༩ལོའི་ཟླ་༦་ཚེས་༣༠་ཉིན་ལ་ཨ་རིའི་སྲིད་འཛིན་ཁྲུམ་ཕུ་དང་བྱང་ཀོ་རེ་ཡའི་སྲིད་འཛིན་ཀོམ་ཇོ་ཨུན་གཉིས་ཐུག་འཕྲད་བྱས་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༧་ཚེས་༡་ཉིན་སྤེལ། བྱང་ཀོ་རེའི་ས་ཐོག་ཏུ་ཨ་རིའི་སྲིད་འཛིན་ཌོ་ནོ་ཁྲུམ་ཕུ་དང་བྱང་ཀོ་རི་ཡིའི་སྲིད་འཛིན་ཀོམ་ཇོ་ཨུན་གཉིས་ཐུག་འཕྲད་བྱས་ཡོད་པ་དང་། ཁྲུམ་ཕུ་ནི་ཨ་རིའི་སྲིད་འཛིན་ལས་ཐོག་ཅིག་བྱང་ཀོ་རེ་ཡའི་ས་ཐོག་ཏུ་བསྐྱོད་མཁན་ཐོག་མ་དེ་ཆགས་ཡོད་པ་དང་། དེས་ལོ་རྒྱུས་གསར་པ་ཞིག་བསྐྲུན་ཡོད་འདུག

དེ་ཡང་། ཟླ་༦་ཚེས་༣༠་ཉིན། ཨ་རིའི་སྲིད་འཛིན་ཌོ་ནོ་ཁྲུམ་ཕུ་ལགས་ཉེ་ཆར་ཉི་ཧོང་དུ་ཚོགས་པའི་སྟོབས་ཆེན་རྒྱལ་ཁབ་༢༠་ཡི་ཚོགས་ཆེན་དེ་གྲོལ་རྗེས། ལྷོ་ཀོ་རེ་ཡ་ལ་སྐོར་བསྐྱོད་ཕྱིན་ཡོད་འདུག་ཅིང་། དེ་ནས་ལྷོ་ཀོ་རེ་ཡ་དང་བྱང་ཀོ་རེ་ཡའི་ས་མཚམས་ནས་སྲིད་འཛིན་ཀོམ་ཇོ་ཨུན་ལ་ཐུག་སྟེ། བྱང་ཀོ་རེ་ཡའི་ས་ཐོག་ཏུ་གོམ་པ་༢༠་ཞིག་སྤོས་ཡོད་ཅིང་། འདི་ནི་ལོ་རྒྱུས་ཐོག་ཨ་རིའི་སྲིད་འཛིན་ལས་ཐོག་ཅིག་བྱང་ཀོ་རི་ཡའི་ས་ཐོག་ལ་ཕྱིན་པ་ཐོག་མ་དེ་ཆགས་ཡོད་འདུག

ས་མཚམས་དེ་ནས་ཐུག་འཕྲད་བྱས་རྗེས། སྲིད་འཛིན་ཁྲུམ་ཕུ(Tump)་དང་། སྲིད་འཛིན་ཀོམ(Kim)། སྲིད་འཛིན་མོན་(Moon) གསུམ་ལྷོ་ཀོ་རེ་ཡར་སླེབས་ནས་ཆུ་ཚོད་གཅིག་གི་རིང་ལ་གྲོས་མོལ་བྱས་ཡོད་པ་རེད། དེའི་རྗེས་ཁྲུམ་ཕུས་གསར་འགོད་པར། ཨ་རི་དང་བྱང་ཀོ་རེ་ཡ་གཉིས་ཀྱིས་བསྐྱར་དུ་འབྲེལ་བ་གསར་བ་ཞིག་བསྐྲུན་ཆེད་ཚོགས་ཆུང་ཞིག་འཛུགས་འཆར་ཡོད་པ་དང་། བདུན་ཕྲག་རྗེས་མར་རྒྱལ་ཁབ་གཉིས་ཀྱི་སྐུ་ཚབ་ཐུག་རྒྱུ་ཡིན་སྐོར་བརྗོད་འདུག

འོན་ཀྱང་། ཁོ་གཉིས་ཀྱི་ཐུག་འཕྲད་སྐབས་སུ། བྱང་ཀོ་རེ་ཡའི་རྡུལ་ཕྲན་མཚོན་ཆ་རྩ་མེད་གཏོང་གི་ཡིན་མིན་སྐོར་དང་། བྱང་ཀོ་རེ་ཡར་ཚོང་གི་ཁྲིམས་ཆད་ཕོགས་ཡོད་པ་བཅས་ཀྱི་སྐོར་ལ་གང་ཡང་གླེང་མི་འདུག ཁྲུམ་ཕུས་ཁྲི་ཝི་ཁྲེ་(Twitter) བརྒྱུད་ནས་བྱང་ཀོ་རེ་ཡར་སླེབས་པར་ཧ་ཅང་དགའ་པོ་བྱུང་ཅེས་དང་། བྱང་ཀོ་རེ་ཡ་ནི་ཐུན་མོང་མ་ཡིན་པའི་རྒྱལ་ཁབ་ཅིག་དང་། རྒྱལ་ཁབ་གཞན་དང་མི་འདྲ་བར་འཛམ་གླིང་ལ་ལྟ་སྟངས་ཀྱང་མི་འདྲ་ཞིག་ཡོད་པར་བརྟེན། ཐུན་མོང་མ་ཡིན་པའི་རྒྱལ་ཁབ་འདི་ལྟ་བུར་འབྲེལ་བ་ཡང་དམིགས་བསལ་ཞིག་བྱེད་དགོས་ཞེས་བརྗོད་འདུག

ཁྲུམ་ཕུ་ལྷོ་ཀོ་རེ་ཡིར་སྐོར་བསྐྱོད་མ་འགྲོ་གོང་ལ། ཁྲི་ཝེ་ཁྲེ་བརྒྱུད་ནས་འདི་ལྟར་བཀོད་འདུག སྟོབས་ཆེན་རྒྱལ་ཁབ་༢༠་ཡི་ཚོགས་ཆེན་སྐབས་སུ། རྒྱ་ནག་སྲིད་འཛིན་ཞི་ཅིང་ཕིང་སོགས་གཙོ་པའི་གལ་ཆེན་བའི་མི་སྣ་ཁག་ལ་ཐུག་འཕྲད་བྱས་ཚར་རྗེས། སྲིད་འཛིན་མོན་དང་མཉམ་དུ་ལྷོ་ཀོ་རེ་ཡར་སྐོར་བསྐྱོད་འགྲོ་ཡི་ཡོད། གལ་སྲིད་ཀོམ་ཇོ་ཨུན་གྱིས་འཕྲིན་འདི་མཐོང་ན། ངེད་ཉིད་བྱང་ཀོ་རི་ཡའི་ས་མཚམས་ནས་ཐུག་ཏེ་འཚམས་འདྲི་ཞིག་ཞུ་རྒྱུ་ཡིན་ཞེས་བཀོད་འདུག

ད་དུང་། ཁྲུམ་ཕུ་ལྷོ་ཀོ་རེ་ཡ་དང་ཁ་བྲལ་སྐབས། བྱང་ཀོ་རེ་ཡའི་ས་ཐོག་ཏུ་གོམ་པ་༢༠་སྤོས་ཡིན། སྲིད་འཛིན་ཀོམ་ཇོ་ཨུན་དང་ཐུག་འཕྲད་ཡག་པོ་བྱུང་སོང་ཞེས་ཀྱང་བརྗོད་འདུག

བྱང་ཀོ་རི་ཡའི་གསར་འགྱུར་བརྒྱུད་ལམ་ཁག་ནས། ཐུག་འཕྲད་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་དང་ངོ་མཚར་བ་ཞིག་རེད་ཅེས་དང་། རྒྱལ་ཁབ་གཉིས་ཀྱི་འདོད་མོས་ཡོད་པའི་བརྗོད་གཞི་ཐོག་གླེང་མོལ་བྱས་ཡོད་པར་བརྗོད་འདུག

གཞན་ཡང་། བྱང་ཀོ་རེ་ཡའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བའི་ནང་། ཀོམ་ཇོ་ཨུན་གྱིས་རྡུལ་ཕྲན་མཚོན་ཆ་བཟོས་བ་དང་དམག་ཤུགས་ཆེ་རུ་བཏང་བ་ནི། རྒྱལ་ཁབ་གཞན་དང་དམག་འཐབ་བྱེད་རྒྱུའི་ཆེད་དུ་མིན་པར། སྟོབས་ཤུགས་དེ་ཚོ་བེད་སྤྱོད་བཏང་ནས་སྟོབས་ཆེན་རྒྱལ་ཁབ་གཞན་གྱིས་མཐོང་ཆེན་དང་གྲོས་མོལ་བྱེད་པའི་སྡིངས་ཆ་ཞིག་འཚོལ་བའི་ཆེད་དུ་ཡིན་པར་བརྗོད་འདུག དེ་བཞིན་ཀོམ་ཇོ་ཨུན་གྱི་དམིགས་ཡུལ་གྲུབ་ཡོད་པར་ཡང་འདི་ལྟར་བཤད་འདུག་སྟེ། ཀོམ་ཇི་ཨུན་ནི་ཨ་རིའི་སྲིད་འཛིན་ཌོ་ནོ་ཁྲུམ་ཕུ་(Trump) དང་། རྒྱ་ནག་སྲིད་འཛིན་ཞི་ཅིང་ཕིང་(XiJing Ping)། ཨུ་རུ་སུའི་སྲིད་འཛིན་པོ་ཊྲི(Putin)། ལྷོ་ཀོ་རི་ཡའི་སྲིད་འཛིན་(Moon Jae-in) བཅས་ལ་ཐུག་ཡོད་པར་འགྲེལ་བརྗོད་བྱས་འདུག

གང་ལྟར་ཡང་། ཨ་རིའི་སྲིད་འཛིན་ཁྲུམ་ཕུ་ཡིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་འགོག་ཐབས་བྱས་པར་གྲུབ་འབྲས་གང་ཡང་ཐོན་མེད་པ་དང་། བྱང་ཀོ་རི་ཡིར་མུ་མཐུད་ནས་ཚོང་གི་ཁྲིམས་ཆད་ཕོགས་ཏེ་དཀའ་ངལ་འཕྲད་བཞིན་ཡོད་འདུག

ཐེངས་འདིའི་ཁྲུམ་ཕུ་དང་ཀོམ་ཇི་ཨུན་གཉིས་ཡུད་ཙམ་གྱི་རིང་ལ་ཐུག་འཕྲད་བྱས་པ་དེར་བརྟེན་ནས། མ་འོངས་པར་རྒྱབ་ཁབ་གཉིས་ཀྱི་འབྲེལ་བ་ཡག་ཏུ་ཡོང་བའི་རེ་བ་རྒྱག་བཞིན་ཡོད་འདུག