16
Tue, Apr

བོད་མདོ་སྨད་བླ་བྲང་ནས་ཐོན་པའི་གནའ་མིའི་འགྲམ་རུས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༥པའི་ཚེས་༢ཉིན་སྤེལ། དབྱིན་ཇིའི་དུས་དེབ་རང་བྱུང་ཞེས་པའི་ཐོག་གནས་ཚུལ་བཀོད་པ་ལྟར་ན། ཚན་རིག་པས་བོད་མདོ་སྨད་བླ་བྲང་ནས་ཐོན་པའི་གནའ་མིའི་འགྲམ་རུས་ཤིག་ལ་ལོ་མང་རིང་བརྟག་དཔྱད་བྱས་མཐར། བོད་ནས་ལོ་ཆིག་འབུམ་དྲུག་ཁྲིའི་གོང་དུ་འགྲོ་བ་མིའི་རིགས་བྱུང་བ་ཡོད་པར་བསྒྲུབས་འདུག་ཅིང་། ཞིབ་འཇུག་གི་གྲུབ་དོན་དེས་སྤྱིར་མིའི་རིགས་ཀྱི་བྱུང་བ་དང་། སྒོས་སུ་ཨེ་ཤེ་ཡ་དང་བོད་རིགས་བཅས་ཀྱི་བྱུང་བའི་ཐད་ལ་གོ་རྟོགས་གསར་པ་ཞིག་སྦྱིན་ཡོད་འདུག

ཚན་རིག་པས་བོད་མདོ་སྨད་བླ་བྲང་རྒན་གྱའི་བྲག་དཀར་ནས་ཐོན་པའི་མིའི་འགྲམ་རུས་ཤིག་ལ་ཞིབ་འཇུག་བྱས་མཐར། འགྲམ་རུས་དེ་ནི་ལོ་ཆིག་འབུམ་དྲུག་ཁྲིའི་གོང་གི་གདོད་མའི་མིའི་འགྲམ་རུས་ཤིག་ཡིན་པར་བརྗོད་འདུག འགྲམ་རུས་དེར་DNAཡི་གྲུབ་རྫས་གནས་མེད་ཀྱང་། དེར་འདུས་པའི་རྫས་གཞན་དག་ལ་བརྟེན་ནས་ཞིབ་འཇུག་བྱས་པ་ལྟར་ན། དེ་ནི་ཊེ་ནེ་སོ་ཝའི་མིའི་རིགས་ཀྱི་རྒྱུད་པ་དང་འབྲེལ་བ་ཤུགས་ཆེན་ཡོད་པར་བརྗོད་ཅིང་། དེ་ནི་བོད་མཐོ་སྒང་གི་ཊེ་ནེ་སོ་ཝའི་མིའི་རིགས་ཡིན་པར་གཏན་ཁེལ་བ་དང་། དེར་ཞིབ་འཇུག་པ་ཚོས་བླ་བྲང་ཊེ་ནེ་སོ་ཝའི་མིའི་རིགས་ཞེས་འབོད་ཀྱིན་འདུག་པར་མ་ཟད། འགྲམ་རུས་དེ་ནི་ཆེས་སྔ་བའི་མིའི་རིགས་ཀྱི་འགྲམ་རུས་ཤིག་ཡིན་པར་ཡང་བརྗོད་ཀྱིན་འདུག

གདོད་མའི་མིའི་རིགས་དེར་ཚན་རིག་པ་ཚོས་ཊེ་ནེ་སོ་ཝ(Denisova)འི་མིའི་རིགས་ཞེས་འབོད་ཅིང་། དེ་ལྟར་འབོད་པའི་རྒྱུ་མཚན་ནི། གདོད་མའི་མིའི་རིགས་དེ་ཐོག་མར་གསར་རྙེད་བྱེད་ས་ནི་ཨུ་རུ་སུའི་སི་བྷེར་ཡ(siberia)ར་ཡོད་པའི་བྲག་ཁུང་ཞིག་གི་ཡིན་པ་དང་། བྲག་ཁུང་དེའི་མིང་ལ་ཊེ་ནེ་སོ་ཝ་ཞེས་འབོད་ཀྱི་ཡོད་པ་དང་། བྲག་ཁུང་དེ་ལས་རྙེད་པའི་རུས་པ་དང་ཤུལ་རྫས་རྣམས་ནི་མིའི་རིགས་གསར་པ་ཞིག་ལ་གཏོགས་ཀྱི་ཡོད་པས་དེ་ལྟར་འབོད་ཀྱི་ཡོད་འདུག

ཕྱི་ལོ་༢༠༡༠ལོར། གཞི་ནས་ཞིབ་འཇུག་པས་བྲག་ཁུང་དེ་ནས་གདོད་མའི་མིའི་རིགས་དེའི་ཤུལ་རྫས་རྙེད་སོན་བྱུང་རྗེས། མུ་མཐུད་ནས་གདོད་མའི་མིའི་རིགས་དེའི་སྐོར་ལ་ཞིབ་འཇུག་གནང་ཞིང་། ཐེངས་འདིའི་བླ་བྲང་རྒན་རྒྱའི་བྲག་དཀར་ནས་ཐོན་པའི་མིའི་འགྲམ་རུས་དེ་ནི་ཊེ་ནེ་སོ་ཝ་བྲག་ཁུང་གི་ཕྱི་ནས་རྙེད་པའི་ཊེ་ནེ་སོ་ཝའི་མིའི་རིགས་ཀྱི་བདེན་དཔང་ཐོག་མ་དེ་ཡིན་འདུག བདེན་དཔང་དེར་བརྟེན་ནས། གདོད་མའི་ཊེ་ནེ་སོ་ཝའི་མི་རིགས་ནི་དབྱང་རླུང་ཉུང་ཞིང་། ས་བབ་མཐོ་བ། གྲང་ངར་ཆེ་བའི་མཐོ་སྒང་ནས་ཀྱང་འཚོ་ཐུབ་པ་དེ་ར་སྤྲོད་བྱེད་ཀྱི་འདུག་ལ། ད་དུང་དེར་བརྟེན་ནས་བོད་རིགས་དང་ཤར་པའི་མི་རིགས་བཅས་ཀྱང་གདོད་མའི་མིའི་རིགས་ཊེ་ནེ་སོ་ཝའི་རྒྱུད་པ་ཡིན་སྐོར་གྱི་བསམ་ཚུལ་ཡང་བརྗོད་ཀྱི་འདུག

རྒན་གྱའི་བྲག་དཀར་ནས་ཐོན་པའི་མིའི་འགྲམ་རུས་དེའི་ཡོངས་ཁུངས་ནི། ཕྱི་ལོ་༡༩༨༠ལོར། བླ་བྲང་གི་གྲྭ་བ་ཞིག་གིས་འགྲམ་རུས་དེ་རྒན་གྱའི་བྲག་དཀར་ནས་རྙེད་དེ། གུང་ཐང་སྐུ་ཕྲེང་དྲུག་པར་ཕུལ་ཡོད་པ་དང་། དེ་ནས་ཁོང་གིས་ལན་གྲུའུ་སློབ་ཆེན་ལ་གནང་ནས་ཞིབ་འཇུག་གི་མཐུན་རྐྱེན་དུ་བསྩལ་ཡོད་པར་བརྗོད་ཅིང་། ཕྱི་ལོ་༢༠༡༠་ནས་བཟུང་འགྲམ་རུས་དེར་ཞིབ་འཇུག་བྱེད་པའི་མགོ་བརྩམས་འདུག ཞིབ་འཇུག་བྱེད་མཁན་གཙོ་བོ་ནི། མིའི་རིགས་ཀྱི་བྱུང་བའི་ཐད་ཀྱི་ཆེད་མཁས་པ་འཇར་མན་གྱི་སློབ་དཔོན་ཆེན་མོ། ཧ་བྷ་ལིན་དང་།(Jean-Jacques Hublin) རང་བྱུང་ཁོར་ཡུག་གི་ཐད་ཀྱི་ཆེད་མཁས་པ་སློབ་དཔོན་ཆེན་མོ་ཀྲང་ཏོན་ཅི།(zhang Dongju) ཌེ་མ་ཁུའི་སློབ་དཔོན་ཆེན་མོ་ཝེལ་ཁེར(Frido Welker)བཅས་ཡིན་འདུག

དེ་ཡང་ཞིབ་འཇུག་གི་གྲུབ་དོན་དེ་ནི། ཁ་སང་རེ་གཟའ་ལྷག་པ་ཉིན་རང་བྱུང་ཞེས་པའི་དུས་དེབ་སྟེང་སྤེལ་ཡོད་ཅིང་། དུས་དེབ་དེ་ནི་དབྱིན་ཇི་རུ་དཔར་སྐྲུན་བྱེད་ཀྱིན་ཡོད་པའི་འཛམ་གླིང་སྟེང་གི་ཆེས་སྔ་བའི་ཚན་རིག་གི་དུས་དེབ་ཅིག་ཡིན་འདུག དུས་དེབ་དེའི་སྟེང་དུ་སློབ་དཔོན་ཆེན་མོ་ཀྲང་ཏོན་ཅིས་ཞིབ་འཇུག་གི་གྲུབ་དོན་དེའི་སྐོར་ལ་འདི་ལྟར་བརྗོད་དོན། ས་བབ་མཐོ་ཞིང་དབྱང་རླུང་ཉུང་བའི་བོད་མཐོ་སྒང་དུ། ཕྱིས་ཀྱི་མི་རིགས་མ་བྱུང་གོང་ནས་གདོད་མའི་མིའི་རིགས་དེ་བདེ་བླག་ངང་འཚོ་ཐུབ་ཡོད་འདུག་ཅེས་དང་། ཡང་སློབ་དཔོན་ཆེན་མོ་ཧ་བྷ་ལིན་གྱིས། ང་ཚོའི་ཞིབ་འཇུག་གི་གྲུབ་དོན་འདིས་ཨེ་ཤེ་ཡའི་ནང་གི་འགྲོ་བ་མིའི་བྱུང་རིམ་གྱི་ལོ་རྒྱུས་སྐོར་ལ་ལམ་ཁ་གསར་པ་ཞིག་བཏོད་ཡོད་ཅེས་ཀྱང་བརྗོད་འདུག གཞན་ཡང་། ཚན་རིག་པས་ཞིབ་འཇུག་དང་ཚོད་དཔགས་བྱས་པ་ལྟར་ན། ཊེ་ནེ་སོ་ཝའི་གདོད་མའི་མིའི་རིགས་དེར་མིའི་རིགས་གཞན་དང་མི་མཚུངས་པར་ཧ་ཅང་ཆེ་བའི་སོ་ལྡན་པའང་བརྗོད་ཀྱི་ཡོད་འདུག་ལ། ད་སྔ་མིའི་རིགས་དེའི་གཟུགས་བྱད་དང་ཆེ་ཆུང་སོགས་ཀྱི་སྐོར་ལ་གསལ་པོ་ཤེས་ཀྱི་ཡོད་ཚོད་མི་འདུག

ཉེ་བའི་ལོ་ཤས་ནང་བོད་ནས་ཐོན་པའི་རུས་པ་དང་། འགྱུར་རྡོ། ཤུལ་རྫས་བཅས་ལ་བརྟེན་ནས། འདི་ལྟ་བུའི་ཞིབ་འཇུག་གི་གྲུབ་དོན་རེ་འགའ་འབྱུང་གི་ཡོད་ཅིང་། དེས་སྤྱིར་མིའི་རིགས་ཀྱི་བྱུང་འཕེལ་གྱི་ལོ་རྒྱུས་ལ་གསལ་ཁ་བཏོད་ཀྱི་ཡོད་པ་དང་། སྒོས་སུ་བོད་རང་གི་མི་རིགས་ཀྱི་བྱུང་བའི་སྐོར་ཅི་དང་ཅི་ཡིན་པའི་ཐད་ལའང་ཕན་ཐོགས་ཀྱི་ཡོད། དེར་བརྟེན། ཚན་རིག་པ་དང་ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་གནས་ཚུལ་འདིའི་ཐད་ལ་ཚ་ཚ་འུར་འུར་གྱིས་བགྲོ་གླེང་དང་དཔྱད་འཇོག་གནང་གི་ཡོད་འདུག