19
Fri, Apr

ཉི་ཧོང་གི་རྒྱལ་པོ་ཨ་ཀི་ཧེ་ཏོ་མཆོག་དང་རྒྱལ་སྲས་ཎ་རུ་ཧི་ཏོ་མཆོག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༤་ཚེས་༣༠་ཉིན། ཉི་ཧོང་གི་དགུང་ལོ་༨༥་ཡིན་པའི་རྒྱལ་པོ་ཨ་ཀི་ཧེ་ཏོ་མཆོག་རྒྱལ་ཁྲི་ལས་བབ་ནས་ཁོང་གི་རྒྱལ་སྲས་ཆེ་ཤོས་དེར་རྒྱལ་ཁྲི་རྩིས་སྤྲད་རྒྱུ་ཡིན་འདུག

དེ་ཡང་། ཟླ་འདིའི་ཚེས་༣༠་ཉིན་ཉི་ཧོང་གི་རྒྱལ་པོ་ཨ་ཀི་ཧི་ཏོ་(Akihito) མཆོག་ཉི་ཧོང་གུར་གུམ་གྱི་རྒྱལ་ཁྲི་(Chrysanthemum Throne)ལས་བབ་ཡོད་པ་དང་། ཁོང་ནི་འཛམ་གླིང་ནང་གི་རྒྱལ་པོའི་རྒྱལ་རྒྱུད་འཛིན་མཁན་རྒན་ཤོས་དེ་ཡིན་འདུག ཁོང་གི་སྲས་ཆེ་ཤོས་དགུང་ལོ་༥༩་ཡིན་པའི་ཎ་རུ་ཧི་ཏོ་(Naruhito) མཆོག་རྒྱལ་ཁྲིར་བསྐོ་རྒྱུ་ཡིན་འདུག ཟླ་༥་ཚེས་༡་ཉིན་ཏེ་སང་ཉིན་ལ་རྒྱལ་སྲས་མཆོག་དངོས་སུ་རྒྱལ་པོ་བསྐོ་ཡི་ཡོད་པ་དང་ཁོང་ནི་ཉི་ཧོང་གི་རྒྱལ་པོ་ཐེངས་༡༢༦་པ་དེ་ཆགས་ཀྱི་ཡོད་འདུག

ཉི་ཧོང་གི་རྒྱལ་པོ་ཐེངས་༡༢༥་པ་ཨ་ཀི་ཧི་ཏོ་མཆོག་ནི་ཉི་ཧོང་མི་མང་ཚོས་ཆེས་དགའ་མོས་བྱེད་པའི་རྒྱལ་པོ་ཞིག་ཡིན་འདུག་པ་དང་། ཁོང་ནི་ཉི་ཧོང་གིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་བྱས་པའི་ལས་ལ་བློ་ཕམ་དྲག་པོ་སྐྱེས་མཁན་གྱི་རྒྱལ་པོ་ཞིག་ཡིན་འདུག

རྒྱལ་པོ་ཁོང་རྒྱལ་ཁྲི་ལས་བབ་དགོས་དོན་ནི་ཁོང་གི་འཕྲོད་བསྟེན་ལ་དཀའ་ངལ་ཡོད་པ་བརྗོད་འདུག ཉེ་སྔོན་ལོ་ཤས་ཀྱི་ནང་ཁོང་ལ་སྙིང་གི་བཤག་བཅོས་བྱས་ཡོད་པ་དང་། སྐྲན་ནད་ལས་དྲག་སྐྱེད་བྱུང་ཡོད་འདུག ཁོང་གི་བརྙན་འཕྲིན་བརྒྱུད་ནས་གསུང་དོན། ཁོང་ནི་ཉི་ཧོང་གི་རྒྱལ་པོ་ཞིག་ཡིན་པ་དང་རྒྱལ་ཁབ་འདིའི་མཚོན་རྟགས་ཤིག་ཡིན་དུས། ཁོང་གིས་ཁོང་གི་ལས་འགན་དེ་དག་ད་བར་བྱས་ཡོད་པ་དང་མུ་མཐུད་ནས་བྱེད་རྒྱུར་དཀའ་ངལ་འཕྲད་མི་ཡོང་བའི་སེམས་ཁྲལ་འདུག་ཅེས་གསུངས་འདུག

རྒྱལ་པོ་ཁོང་གིས་ཁོང་རྒན་ཡོལ་ཞུ་ཆོག་པའི་ཁྲིམས་བཅོས་སྒྱུར་གཏོང་བའི་སྙན་ཞུ་ཉི་ཧོང་གི་ཁྲིམས་བཟོ་བ་ཁག་ལ་ཕུལ་ཡོད་པ་དང་། ཁོ་ཚོས་དང་དུ་བླངས་ཡོད་འདུག རྒྱལ་པོ་ཁོང་གིས་གནང་སྟངས་དེར་མི་མང་ཚོས་དོ་སྣང་དང་གུས་ཞབས་ཐོབ་ཡོད་འདུག ཉི་ཧོང་གི་ལོ་རྒྱུས་ནང་རྒྱལ་པོ་ཁོང་ནི་མི་མང་དཀྱུས་མ་ཞིག་དང་མཉམ་དུ་གཉེན་སྒྲིག་བྱེད་མཁན་ཐོག་མ་དེ་ཆགས་ཡོད་པ་དང་། མི་མང་གི་བདེ་དོན་ཆེད་དུ་བྱེད་མཁན། དེ་བཞིན་ཁོང་སྐུ་འཚོ་བཞུགས་སྐབས་སུ་རྒྱལ་ཁྲི་རྒྱལ་སྲས་ལ་སྤྲོད་མཁན་ཐོག་མ་བཅས་ཆགས་ཡོད་འདུག

རྒྱལ་པོ་ཁོང་ནི་སྤྱི་ལོ་༡༩༣༣་ལ་འཁྲུངས་ཡོད་པ་དང་། སྤྱི་ལོ་༡༩༩༠་ལོར་རྒྱལ་ཁྲིར་དངོས་སུ་བཞུགས་ནས་ད་བར་ཉི་ཧོང་གི་རྒྱལ་པོའི་ལས་འགན་བཞེས་ཡོད་འདུག