22
Sun, Sep

ཐེ་ཝན་དུ་མེ་འཁོར་བརྡབ་སྐྱོན་ཚབས་ཆེན་བྱུང་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༨ལོའི་ཟླ་༡༠ཚེས་༢༢ཉིན་བརྒྱུད་ལམ་ཁག་དུ་གནས་ཚུལ་ཐོན་གསལ། ཟླ་འདིའི་ཚེས་༢༡ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤དང་སྐར་མ་༥༠ཐོག ཐེ་ཝན་གྱི་ཕུའུ་ཡོའུ་མ་རྟགས་ཅན་གྱི་མེ་འཁོར་ཨང་༦༤༣༢པ་དེ་ཧྲུའུ་ལིན་ནས་ཐེ་ཏུང་དུ་འགྲོ་བའི་ལམ་བར་དུ་ལྕགས་ལམ་ལས་ཤོར་བའི་དོན་རྐྱེན་ཐོན་པ་དང་། མེ་འཁོར་དེར་ཁྱོན་འགྲུལ་བ་༣༦༦་ཡོད་པ་དང། དོན་རྐྱེན་དེའི་ནང་མི་༡༨་རྐྱེན་ལམ་དུ་ཤོར་བ་དང་། མི་༡༨༧་ལ་རྨས་སྐྱོན་ཕོག་ཡོད་འདུག དེ་ནི་ཐེ་ཝན་ལྕགས་ལམ་གྱི་ལོ་ངོ་༣༧་ནང་ཐོན་པའི་དོན་རྐྱེན་ཚབས་ཆེ་ཤོས་ཤིག་ཡིན་པར་བརྗོད་ཀྱིན་འདུག

ཐེ་ཝན་ལྕགས་ལམ་གྱི་འགོ་གཙོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཤི་རྨས་བྱུང་བའི་འགྲུལ་པའི་ནང་ཨ་རི་ནས་ཡིན་པའི་འགྲུལ་པ་གཅིག་མ་གཏོགས་ཚང་མ་ཐེ་ཝན་བ་ཡིན་འདུག

ཐེ་ཝན་འཕྲོད་བསྟེན་ཕན་བདེ་སྡེ་ཁག་གིས་ཚེས་༢༢ཉིན་གྱི་ཆུ་ཚོད་༧པའི་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། དོན་རྐྱེན་ཁྲོད་རྨས་སྐྱོན་ཕོག་པའི་མིའི་མིང་ཐོའི་ཁྲོད་དུ་རྒྱ་ནག་ནས་ཡུལ་སྐོར་བ་༡ལ་རྨས་སྐྱོན་ལྕི་མོ་ཕོག་ཡོད་པ་དང་། ཡུལ་སྐོར་བ་༡ལ་རྨས་སྐྱོན་ཅུང་ཟད་ཕོག་ཡོད་པ་ཐོན་འདུག

ཐེ་ཝན་ལྕགས་ལམ་འགོ་གཙོ་ཡིས་བརྗོད་པ་ལྟར་ན། དོན་རྐྱེན་བྱུང་བའི་མེ་འཁོར་གྱི་ལོ་གྲངས་༦ཡིན་པ་དང་། ལོ་སྔ་མར་བདག་སྐྱོང་དང་ཞིབ་བཤེར་བཟོ་བཅོས་བྱས་མ་ཐག་ཡིན་པ་རེད། དོན་རྐྱེན་བྱུང་ཡུལ་དུ་སྨི་༣༠༠ཡིན་པའི་དཀྱོག་མཚམས་ཤིག་ཡོད་པ་དང་། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ནི་འགྲོས་ཚད་མགྱོགས་དྲག་པ་ཡིན་མིན་ད་དུང་འཁོར་སྐྱོད་ཟིན་འགོད་གྱི་བརྙན་ལ་བལྟས་རྗེས་ད་གཟོད་ཐག་གཅོད་བྱེད་དགོས་ཀྱི་ཡོད་ཅེས་བཤད་འདུག