18
Thu, Apr

༢༠༡༩ལོའི་ཟླ་༨་ཚེས་༡༩་ཉིན། ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པའི་གཏམ་བཤད་པ་དང་ཚོགས་ཞུགས་པ་རྣམ་པ། པར། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༨་ཚེས་༡༩་ཉིན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷན་ཁང་གིས་གོ་སྒྲིག་བྱས་པའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པ་དེ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་དེ་བི་དར་གསོལ་མགྲོན་ཁང་( Devdar Hotel)་དུ་མཇུག་བསྡུ་བྱས་སོང་། སྲིད་སྐྱོང་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་དོན། བོད་དོན་ཐོག་ལས་ཀ་བྱེད་རྒྱུ་ནི་ང་ཚོའི་འགན་རེད་ལ་བཟང་སྤྱོད་ཀྱང་རེད། ཁྱོད་ཚོས་ད་ལྟར་ནས་འགོ་ཁྲིད་བྱེད་དགོས། ཁྱོད་ཚོ་ནི་བོད་པའི་འགོ་ཁྲིད་རེད། བོད་དོན་ཐོག་ལས་ཀ་བྱེད་དགོས་རེད། བོད་དོན་ཐོག་ལས་དོན་བསྒྲུབས་ནས་གྲོངས་སྐབས་འགྱོད་པ་མེད་པ་ཞིག་བྱེད་དགོས། རང་ཉིད་ཀྱིས་གང་ཐུབ་ཐུབ་བོད་དོན་ཐོག་ལས་ཀ་བྱེད་དགོས། ཞེས་གསུངས་སོང་།

དེ་ཡང་། ཐོག་མར། ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམ་ནོར་བུ་ལགས་ཀྱིས་མཇུག་བསྡོམས་གསུང་བཤད་གནང་དོན། དེ་རིང་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པ་འདི་མཇུག་བསྡུ་ཡི་ཡོད་རེད། རྣམ་པ་ཚོ་བོད་པའི་སྤྱི་ཚོགས་ནང་ཞབས་ཞུ་ཞུས་མྱོང་མཁན་དང་ལས་འགུལ་སྤེལ་མཁན་ཤ་སྟག་ཡིན་དུས། མ་འོངས་པར་བོད་པའི་སྤྱི་ཚོགས་དང་བོད་སྤྱི་པའི་ལས་དོན་གནང་པའི་སྐབས་ལ་སེམས་ཤུགས་ཆེ་ཙམ་དང་ཉམས་མྱོང་ཆེ་ཙམ། དེ་བཞིན་ཚོགས་འདུ་རིང་། ཕན་ཚུན་ལ་བསམ་ཚུལ་བརྗེ་ལེན་དང་བོད་དོན་ཐོག་ལས་འགུལ་སྤེལ་རྒྱུར་ཚགས་ཚུད་དུ་འགྲོ་བའི་རེ་བ་ཞུ་བཞིན་ཡོད། སྤྱི་བཏང་། སྤྱི་དོན་དང་སྤྱི་ཚོགས་ཞབས་ཞུ་གང་གི་ཐོག་ལ་ཞབས་ཞུ་ཞུ་བཞིན་ཡོད་ནའང་རེད། ཆབ་སྲིད་ལས་འགུལ་སྤེལ་གྱི་ཡོད་ནའང་རེད། སྒེར་གྱི་ལས་དོན་ཡིན་ནའང་རེད། གཙོ་བོ་རྒྱབ་ལྗོངས་གནས་ཚུལ་རྟོགས་དགོས་པ་ཧ་ཅང་གལ་ཆེན་པོ་རེད།

རྣམ་པ་ཚོ་བོད་པའི་ཐོག་ལས་དོན་གནང་མཁན་ཡིན་པའི་ཆ་ནས་བོད་ཀྱི་ལོ་རྒྱུས་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན། ང་ཚོས་བོད་ཀྱི་ལོ་རྒྱུས་ཀྱི་ཐོག་ལ་གཏམ་བཤད་གནང་མཁན་དང་། དེ་ནས་བོད་རྒྱ་འབྲེལ་མོལ་ཡོང་བར་དབུ་མའི་ལམ་ཐོག་གཏམ་བཤད་གནང་ཡོད་པ་དང་དེའི་གལ་ཆེན་རང་བཞིན་གྱི་སྐོར། བོད་ནང་བོད་མི་ཚོར་སྨྲ་བརྗོད་རང་དབང་མེད་དང་། ལས་འགུལ་གང་སྤེལ་ཡང་རྒྱ་གཞུང་གིས་སྡུག་རྩུབ་བྱེད་ཀྱི་ཡོད། དེར་བརྟེན། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཁོ་ཚོའི་མགྲིན་ཚབ་བྱེད་ཐུབ་པ་བྱེད་དགོས། བོད་པའི་གནད་དོན་ཤེས་པའི་ཐོག་ནས་མི་རེ་ངོ་རེ་ནས་འགན་བཞེས་ནས། བོད་ནང་གི་བོད་མིའི་མགྲིན་ཚབ་བྱེད་ཐུབ་པ་བྱེད་དགོས།

གཞན་ཡང་། ང་ཚོའི་སྤྱི་ཚོགས་ནང་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ལྟ་བུས་བོད་དོན་ཐོག་ཞབས་ཞུ་ཞུས་ཐུབ་པ་བཞིན། བོད་པའི་གཞོན་སྐྱེས་འབུམ་རམས་པ་ཐོན་ནས། ཁོང་ནང་བཞིན་བོད་དོན་ཐོག་ཞབས་ཞུ་ཞུ་ཐུབ་པ་བྱེད་དགོས། ཁོང་ནི་མིག་དཔེ་བཟང་པོ་ཞིག་རེད། གཞན་ཡང་། བོད་པའི་ན་གཞོན་ཚོས་ལས་ཀ་ཡག་པོ་དང་མིག་དཔེ་བཟང་པོ་སྟོན་མཁན་མང་པོ་ཡོད་རེད། ཁོ་ཚོའི་ལས་ཀ་ལས་ང་ཚོ་ལ་སེམས་འགུལ་ཐེབས་དགོས། ང་ཚོས་བོད་དོན་ཐོག་ལས་དོན་བྱེད་སྐབས་དཀའ་ངལ་འདྲ་མིན་འཕྲད་སྲིད། དེར་བརྟེན། དཀའ་ངལ་ལ་གདོང་ལེན་བྱེད་ཤེས་པའི་ཐོག་ནས་ལས་དོན་སྒྲུབ་དགོས།

ད་དུང་། བོད་པའི་ན་གཞོན་ཚོས་བོད་སྐད་ཡིག་ཐོག་དོ་སྣང་དང་སྦྱོང་རྒྱུའི་ཐོག་འབད་བརྩོན་བྱེད་དགོས། དེ་མ་གཏོགས། ལོ་ངོ་མང་པོ་ཞིག་གི་རྗེས་སུ། ང་ཚོས་ཚོགས་འདུ་འདི་འདྲ་ཞིག་འཚོགས་དུས། ཕན་ཚུལ་སྐད་སྒྱུར་འཚོལ་དགོས་པ་ཆགས་སྲིད་པ་རེད། གཏམ་བཤད་བྱེད་སྐབས་བོད་ཡིག་ནང་མ་ཤེས་པ་དང་མ་འདང་བ་རྣམས་དབྱིན་སྐད་ནང་བཤད་ན་འགྲིག་གི་རེད། གཙོ་བོ་གོ་བརྡ་སྤྲོད་ཐུབ་དགོས། འོན་ཀྱང་། བོད་ཡིག་གང་ཐུབ་ཐུབ་སྦྱོང་བའི་འབད་བརྩོན་བྱེད་རོགས་ཞེས་ཞུ་རྒྱུ་ཡིན།

ཨ་རི་སྲིད་འཛིན་ཐེངས་སོ་ལྔ་ཇོ་ཁེན་ནེ་ཌི་(John F. Kennedy)་ཡིས་གཏམ་བཤད་སྐད་གྲགས་ཆེན་པོ་ཞིག་གསུངས་ཡོད་རེད། དེ་ནི་རང་ཉིད་རྒྱལ་ཁབ་ཀྱིས་རང་གི་ཆེད་དུ་གང་བྱེད་ཐུབ་མིན་མ་འདྲི། རང་ཉིད་ཀྱིས་རྒྱལ་ཁབ་ཆེད་དུ་གང་བྱེད་ཐུབ་མིན་དྲིས། ཞེས་གསུངས་ཡོད། དེ་བཞིན། བོད་པ་ཚོས་བོད་དོན་ཆེད་དུ་གང་བྱེད་ཐུབ་ཀྱི་འདུག་མིན་ཐོག་བསམ་བློ་གཏོང་དགོས། ཞེས་གསུངས་སོང་།

དེ་ནས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཚོགས་འདུ་ཐོག་མཇུག་བསྡོམས་གསུང་བཤད་གནང་དོན། ཉིན་གསུམ་གྱི་རིང་ཡག་པོ་བྱུང་སོང་བསམས་སོང་། བོད་ཀྱི་ཆབ་སྲིད་ཐོག་གང་བྱེད་དགོས་རེད་ཅེས་བགྲོ་གླེང་བྱེད་དགོས། རང་ཉིད་མ་འོངས་པར་བོད་དོན་ཐོག་ག་རེ་བྱེད་ཀྱི་ཡིན་སྐོར་བཤད་དགོས། དེ་རིང་ཚོགས་འདུ་འདི་འབྱུང་འགྱུར་བོད་ཀྱི་མདུན་ལམ་ཐོག་རེད་སོགས་གསུངས་སོང་།

དེ་ནས་བོད་སྐད་སྦྱོང་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་གསུང་དོན། བོད་སྐད་སྦྱོང་དགོས་པ་གལ་ཆེན་པོ་རེད། གལ་སྲིད་སྦྱོང་འདོད་ཡོད་མཁན་ཡིན་ན། བོད་ཡིག་ཐོག་སྦྱོང་ས་མཐོ་སློབ་སཱ་ར་དང་། གྲྭ་ཚང་། རྡ་སའི་དཔེ་མཛོད་སོགས་ཡོད་རེད། དེ་ནི་རང་རང་སོ་སོར་རག་ལས་ཡོད། བོད་སྐད་དང་བོད་ཡིག་སྦྱོང་རྒྱུར་སེམས་ཤུགས་ཆགས་རྒྱུ་མེད། བོད་སྐད་དང་བོད་ཡིག་ཐོག་སྦྱོང་བརྡར་ཡག་པོ་དང་ཤུགས་བརྒྱབ་ན་ཏན་ཏན་ཡག་པོ་ཆགས་ཀྱི་རེད། དེ་མ་གཏོགས། མི་གཞན་གྱི་སྐྱོན་བརྗོད་ཐོག་ལ་ཕྱིན་པ་ཡིན་ན་སེམས་ཤུགས་ཆགས་ཀྱི་རེད། དེ་ལས་རང་ཉིད་གང་ལ་ཡིད་ཆེས་བྱེད་ཀྱི་ཡོད་པའི་ཐོག་ལ་འགྲོ་དགོས། བོད་ནང་གི་བོད་མི་ཚོར་རྒྱ་གཞུང་གིས་སྡུག་རྩུབ་དེ་འདྲ་བྱས་དང་བྱེད་ཀྱི་ཡོད་རུང་། སེམས་ཤུགས་མ་ཆགས་པ་བསྡད་ཡོད། དེར་བརྟེན། ང་ཚོ་ནང་ཡང་སེམས་ཤུགས་ཆགས་རྒྱུ་མེད། ང་ཚོས་སྐྱོན་བརྗོད་བྱེད་མཁན་ཚོར་ཁོ་ཚོ་ནོར་ཡོད་པར་ར་སྤྲོད་བྱེད་ཐུབ་དགོས། ཁྱོད་རང་གིས་དཀའ་ལས་རྒྱག་དགོས། དེ་འདྲ་བྱས་ནས་འགྲོ་དགོས་རེད། སེམས་ཤུགས་ཆགས་ཆོག་ཆོག་བྱས་ན་འགྲིག་གི་ཡོད་མ་རེད།

ཁྱོད་ཚོ་ནི་ལྔ་དང་ལྔ་བཅུའི་ཚོགས་འདུའི་མགྲིན་ཚབ་པ་རེད། ཁྱོད་ཚོ་ཕར་ཕེབས་ནས་མི་ལྔ་དང་། དེ་ནས་བཅུ་ཉི་ཤུ། བྱུང་ན་ཉིས་བརྒྱ་དང་ཉིས་སྟོང་ལ། ཁྱོད་ཀྱིས་ཚོགས་འདུ་འདིའི་ཐོག་གི་མྱོང་ཚོར་དང་བགྲོ་གླེང། དེ་བཞིན་མཇུག་འབྲས་སོགས་ཤོད་དགོས། དེ་ནས་བགྲོ་གླེང་བྱས་ནས་ཡར་རྒྱས་གཏོང་དགོས། ང་ཚོའི་རེ་བ་ནི་བོད་པའི་འཐབ་རྩོད་ཐོག་མ་འོངས་ལ་ལག་བསྟར་གང་འདྲ་བྱེད་དགོས་མིན་ཐོག་རེད། འདི་ནི་བོད་མིའི་སྒྲིག་འཛུགས་གཅིག་པོ་མིན་པ། ཁྱོད་རང་ཚོ་དང་མ་འོངས་པའི་ན་གཞོན་ཚོའི་ཆེད་དུ་རེད།

ཁྱོད་ཚོའི་མི་རབས་ནི་དཀའ་ངལ་ཆེ་ཤོས་ཀྱི་དུས་རེད། ༸གོང་ས་མཆོག་ནི་སྐུ་ལོ་བགྲེས་པོ་ཆགས་ཚར་པ་རེད། རྒྱལ་སྤྱིའི་གནས་སྟངས་ཛ་དྲག་ཅན་ཆགས་ཡོད། ང་ཚོར་དཀའ་ངལ་ཆེ་བ་ཆགས་ཡོད། དེར་བརྟེན། ན་གཞོན་ཁྱོད་ཚོར་གདོང་ལེན་བྱེད་རྒྱུ་མང་བ་ཆགས་ཡོད། འགན་མང་བ་ཆགས་ཡོད། དང་པོ་ཁྱོད་ཚོ་བྱེད་དགོས་པ་ནི། སེམས་ཤུགས་ནམ་ཡང་ཆགས་རྒྱུ་མེད། དཔེར་ན། ༸གོང་ས་མཆོག་དགུང་ལོ་༨༤་རེད། ངས་སྔོན་མ་ཐེངས་ཤིག་ལ་༸གོང་ས་མཆོག་མཇལ་དུ་སོང་ནས་བོད་དོན་ཐོག་དང་འཛམ་གླིང་ཐོག་ལ་དཀའ་ངལ་རྣམས་ཞུས་པ་ཡིན། ཁོང་གིས་བོད་དང་འཛམ་གླིང་གི་དཀའ་ངལ་གསན་ནས་ལོ་ངོ་༧༠་ཕྱིན་པ་རེད། ཁོང་སེམས་ཤུགས་ཆགས་འདུག་གམ། མིན་འདུག ཁོང་ད་དུང་ཡང་ནུས་སྟོབས་ཆེན་པོ་རེད། དེར་བརྟེན། ང་ཚོ་ག་འདྲ་བྱས་ནས་སེམས་ཤུགས་ཆགས་དགོས་རེད། སེམས་ཤུགས་ཆགས་རྒྱུ་ཡོད་མ་རེད། སེམས་ཤུགས་མ་ཆགས་རོགས་ཞུ་རྒྱུ་ཡིན།

ང་ཚོ་བསམ་བློ་འཁྱེར་སོ་མི་མཐུན་མཁན་ཡོད་རེད། ཁོ་ཚོའི་བཤད་པའི་སྐད་ཆ་ལ་མོས་མཐུན་མེད་རུང་། ལམ་སང་སྐྱོན་བརྗོད་བྱེད་མི་རུང་། ཁོ་ཚོར་གུས་ཞབས་བྱེད་དགོས། བོད་པ་རྣམས་ནི་ནང་མི་གཅིག་ཡིན་པའི་འདུ་ཤེས་དགོས། སེམས་ཤུགས་ཆགས་ནས་བོད་དོན་བློས་བཏང་ན། རང་ཉིད་དང་བོད་ལ་འགྱོད་རེག་གི་རེད། བོད་དོན་ཐོག་ལས་ཀ་བྱེད་རྒྱུ་ནི་ང་ཚོའི་འགན་རེད་ལ་བཟང་སྤྱོད་རེད། ཁྱོད་ཚོས་ད་ལྟར་ནས་འགོ་ཁྲིད་བྱེད་དགོས། ཁྱོད་ཚོ་ནི་བོད་པའི་འགོ་ཁྲིད་རེད། བོད་དོན་ཐོག་ལས་ཀ་བྱེད་དགོས་རེད། བོད་དོན་ཐོག་ལས་དོན་བསྒྲུབས་ནས་ཤི་སྐབས་འགྱོད་པ་མེད་པ་ཞིག་བྱེད་དགོས། རང་ཉིད་ཀྱིས་གང་ཐུབ་ཐུབ་བོད་དོན་ཐོག་ལས་ཀ་བྱེད་དགོས།

མཐར་ཕྱི་དྲིལ་དྲུང་ཆེ་ལས་འཕར་འཆི་མེད་ཚེ་དབྱངས་ལགས་ཀྱི་ཐུགས་རྗེ་ཆེའི་གསུང་བཤད་གནངས་ནས་ཚོགས་འདུ་མཇུག་བསྡུ་སོང་།