19
Fri, Apr

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༧་ཚེས་༡༢་ཉིན། རྒྱལ་གཅེས་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་ཉེས་མེད་བཙོན་འཇུག་འོག་སྐུ་བཀྲོངས་ནས་ལོ་ངོ་ཧྲིལ་བོ་བཞི་འཁོར་བའི་ཉིན་མོ་དང་བསྟུན། རིན་པོ་ཆེའི་ཞབས་ཞུ་ཚོགས་པས་ཉིན་འདིར་ཁོང་ལ་ཐུགས་དགོངས་ཅི་མངའ་ལྟར། བོད་མིའི་རྒས་གསོ་ཁང་དང་། སློབ་ཕྲུག དེ་བཞིན་དབང་པོ་སྐྱོན་ཅན་བཅས་ལ་ཕན་པའི་ལས་དོན་སྒྲུབ་བཞིན་ཡོད་འདུག

འདི་ལོ་ནི་རྒྱ་གཞུང་གིས་ཁོང་སྐུ་བཀྲོངས་ནས་ལོ་ངོ་ཧྲིལ་བོ་བཞི་འཁོར་བའི་ཉིན་མོ་ཡིན་ཞིང་། ཟླ་འདི་ཚེས་༡༢་ཉིན་ཁོང་སྐུ་གཤེགས་པའི་ཉིན་མོ་དང་སྟབས་བསྟུན། རིན་པོ་ཆེའི་ཞབས་ཞུ་ཚོགས་པའི་ཚོགས་གཙོ་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་དང་ཁོའི་རོགས་པ་ཨ་ནེ་བདེ་ལེགས་གཡང་སྒྲོན་གཉིས་ཀྱིས་རྡ་ས་ཁུལ་གྱི་རྒས་གསོ་ཁང་སོགས་ལ་རིན་པོ་ཆེ་ཁོང་གི་ཐུགས་དགོངས་ལྟར་གཞན་ཕན་གྱི་ལས་དོན་བསྒྲུབས་ཡོད་འདུག དེ་ཡང་། ནོར་བུ་གླིང་ཁར་གནས་པའི་སྙིང་སྟོབས་གླིང་གི་དབང་པོ་སྐྱོན་ཅན་རྣམས་ལ་ཧིན་སྒོར་༥༠༠༠་དང་ཟས་རིགས་བཅས་ཕུལ་ཡོད་པ་དང་། རྡ་སའི་རྒས་གསོ་ཁང་བྱམས་པ་གླིང་དུ་བགྲེས་སོང་རྣམས་ལ་བཞེས་ལག་ཕུལ་བའི་དོད་དུ་ཧིན་སྒོར་༢༣༤༠༠ ཕུལ་ཡོད་འདུག དེ་བཞིན་ད་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་ཨང་དང་པོ་བཞེས་མཁན་སེ་ལ་ཀུལ་སློབ་གྲྭའི་སློབ་མ་ཀརྨ་ཕུན་ཚོགས་ཟླ་བ་ལ་འབུལ་རྒྱུ་ཡིན་འདུག འགྲོ་གྲོན་དེ་དག་གི་སྦྱིན་བདག་ནི། ཨ་རིར་ཡོད་པའི་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོ་དང་སྦེལ་ལྗམ་དུ་ཡོད་པའི་རིན་པོ་ཆེའི་སློབ་མ་བསྟན་འཛིན་ཡར་འཕེལ་བཅས་ཡིན་འདུག

ཞབས་ཞུ་ཚོགས་པའི་ཚོགས་གཙོ་ལགས་ཀྱིས་ཉིན་འདིར་ལས་འགུལ་དེ་དག་སྤེལ་དགོས་དོན་སྐོར་ནས་གསུངས་དོན། རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས། ཁོང་གིས་དགོན་པ་དང་། སློབ་གྲྭ རྒས་གསོ་ཁང་བཅས་བཙུགས་ཏེ་བོད་མི་རིགས་ལ་ཞབས་འདེགས་གང་མང་བསྒྲུབས་ཡོད་པ་རེད། ད་ལྟ་ཁོང་སྐུ་གཤེགས་ཟིན་ཤིང་། ང་ཚོ་ཁོང་གི་སློབ་མ་ཡིན་པའི་ཆ་ནས། ཁོང་གི་ཐུགས་དགོངས་ཆུང་ཆུང་ལས་སྒྲུབ་མི་ཐུབ་རུང་། རིན་པོ་ཆེ་སྐུ་གཤེགས་པའི་ཉིན་མོ་དང་སྟབས་བསྟུན་ནས། བོད་པའི་སྤྱི་ཚོགས་ནང་གི་བགྲེས་སོང་དང་། ཉམ་ཐག སློབ་མ་རྩེ་ཕུད་བཅས་ལ་རོགས་རམ་བྱས་ཏེ། གཞན་ཕན་གྱི་ལས་དོན་གང་ཐུབ་ཀྱིས་སྒྲུབ་བཞིན་ཡོད། ཅེས་བརྗོད་སོང་།

རྒྱལ་གཅེས་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གིས་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་གནང་སྐྱོང་མཛད་པ་ལ་རྒྱ་ནག་གཞུང་གིས་མ་ཉེས་ཁ་གཡོགས་ཀྱིས་ཉེས་འཛུགས་བྱས་ཏེ། ཕྱི་ལོ ༢༠༠༢ ལོར་འཛིན་བཟུང་བཙོན་འཇུག་བྱས་ཤིང་ཁྱོན་མི་ལོ་༡༣་རིང་ལ་བཙོན་ནས་མི་སྤྱོད་ལས་འདས་པའི་སྡུག་སྦྱོར་མནར་གཅོད་བཏང་མཐར། ཕྱི་ལོ ༢༠༡༥ ཟླ་༧ ཚེས ༡༢་ཉིན་རྒྱ་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཁྲོན་ཏུང་བཙོན་ཁང་དུ་སྐུ་བཀྲོངས་ཡོད་པ་རེད།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས། མི་རིགས་ཀྱི་རྩ་དོན་ལ་སྨན་པའི་མཛད་རྗེས་གང་མང་གནང་ཡོད་ཅིང་། དེ་ཡང་ཆོས་དང་། རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐོག་མཛད་རྗེས་རླབས་ཆེན་གནང་ཡོད་པ་མ་ཟད། ཡུལ་མི་ཉམ་ཐག་གི་བུ་ཕྲུག་རྣམས་ལ་བུ་གསོ་ཁང་གིས་མཚོན་པའི་སློབ་གྲྭ་གསར་འཛུགས་དང་བགྲེས་སོང་ཉམ་ཐག་ལ་རྒས་གསོ་ཁང་སོགས་ཀྱང་བཙུགས་གནང་མཛད་ཡོད།

དེར་བརྟེན། ཁོང་གི་སློབ་མ་རྣམས་ཀྱིས་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་སླད། ཞབས་ཞུ་ཚོགས་པས་ཁོང་སྐུ་གཤེགས་པའི་ལོ་དང་པོར། ༢༠༡༥ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྩེ་ཕུད་སློབ་མའི་བྱ་དགའ་ཐེངས་དང་པོ་དེ་སི་ལུ་ཀུ་སློབ་གྲྭའི་བུ་མོ་བསྟན་འཛིན་མཚོ་མོ་ལ་ཕུལ་བ་དང་། བཙན་བྱོལ་ནང་གི་སྐུ་ན་བགྲེས་ཤོས་ཀྱི་འཚོ་སྣོན་ཐེངས་དང་པོ་དེ། དགུང་ལོ་༡༠༡་ལ་སོན་པའི་སྦེལ་ཀོབ་གྷོ་ལ་ཐ་ལའི་ཨ་མ་འོད་ཟེར་ལ་ཕུལ་ཡོད་པ་རེད།

ལོ་གཉིས་པར་འཛིན་རིམ་བཅུ་གཉིས་ཀྱི་རྩེ་ཕུད་སློབ་མའི་བྱ་དགའ་ཐེངས་གཉིས་པ་དེ། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཨང་དང་པོ་བཞེས་མཁན་རྡ་སར་གནས་བཞུགས་བུ་མོ་བསྟན་འཛིན་འཆི་མེད་ལ་ཕུལ་ཡོད་པ་དང་། བཙན་བྱོལ་ནང་གི་སྐུ་ན་བགྲེས་ཤོས་ཀྱི་འཚོ་སྣོན་དེ། དགུང་ལོ་༩༧་ལ་སོན་པའི་རྡ་སའི་རྒས་གསོ་བྱམས་པ་གླིང་དུ་བཞུགས་པའི་བོད་མདོ་སྨད་རོང་པོ་ཐོ་རྒྱ་ནས་ཡིན་པའི་སྤོ་སྤོ་ཐུབ་བསྟན་ཚེ་རིང་ལ་ཕུལ་ཡོད་པ་རེད།

ལོ་གསུམ་པར་འཛིན་རིམ་བཅུ་གཉིས་ཀྱི་རྩེ་ཕུད་སློབ་མའི་བྱ་དགའ་དེ། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་ཨང་དང་པོ་བཞེས་མཁན་བྷལ་ཀོབ་བོད་ཁྱིམ་ནས་ཡིན་པའི་བསྟན་འཛིན་སྟོབས་ལྡན་ལགས་ལ་ཕུལ་ཡོད་པ་དང་། མོན་གྷོ་རྒས་གསོ་ཁང་བགྲེས་སོང་རྣམས་ལ་བཞེས་ལག་གཟབ་རྒྱས་ཤིག་ཕུལ་ཡོད་པ་རེད།

ལོ་བཞི་པ་སྟེ། ད་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྩེ་ཕུད་སློབ་མའི་བྱ་དགའ་བཞི་པ་དེ། (རིན་པོ་ཆེའི་སྐུ་པར་ཡོད་པའི་ཕྱག་ཁྱེར་དཔར་ཀྲུམ་ཞིག་དང་སློབ་ཡོན་ཧིན་སྒོར་ཁྲི་གཅིག)རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་ཨང་དང་པོ་བཞེས་མཁན་སེ་ལ་ཀུལ་སློབ་གྲྭའི་སློབ་མ་བུ་ཀརྨ་ཕུན་ཚོགས་ཟླ་བ་ལགས་སུ་ཕུལ་བ་དང་། རྡ་སའི་རྒས་གསོ་བྱམས་པ་གླིང་དུ་བགྲེས་སྲོང་རྣམས་ལ་བཞེས་ལག་གཟབ་རྒྱས་ཤིག་ཕུལ་བའི་དོད་དུ་ཧིན་སྒོར་༢༣༤༠༠ ཕུལ་ཡོད་འདུག དེ་བཞིན་ནོར་བུ་གླིང་ཁར་ཡོད་པའི་སྙིང་སྟོབས་གླིང་དབང་པོ་སྐྱོན་ཅན་རྣམས་ལ་ཧིན་སྒོར་༥༠༠༠ དང་ཟས་རིགས་ཧིན་སྒོར་༡༦༠༠ ཡིས་ཉོས་ཡོད་ཅིང་། ཁྱོན་འདི་ལོར་ཧིན་སྒོར་ ༤༠༧༠༠་འགྲོ་སོང་བཏང་སྟེ་གཞན་ཕན་གྱི་ལས་དོན་བསྒྲུབས་འདུག