18
Thu, Apr

༢༠༡༩ལོའི་ཟླ་༥་ཚེས་༡༨ཉིན། བོད་ཀྱི་འགྲེམས་སྟོན་ཁང་གིས་རྡ་སར་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི་ཞུས་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༥ཚེས་༡༨ཉིན། རྡ་སའི་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་གིས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་བསྟུན་བོད་ཀྱི་འགྲེམས་སྟོན་ཁང་དབུ་བརྙེས་ནས་ལོ་ངོ་༤འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་སོང་།

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དྲིལ་བསྒྲགས་དྲུང་ཆེ་ཨཙརྱ་ཚེ་དབང་རྒྱལ་པོ་ལགས། དེ་བཞིན་བོད་པའི་སློབ་གྲྭ་ཁག་བཞིའི་སློབ་མའི་སྐུ་ཚབ་དང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་དབུ་འབྱེད་མཛད་སྒོའི་ཐོག་ཕེབས་འདུག དེ་ཡང་འགྲེམས་སྟོན་ཁང་གི་དབུ་འབྱེད་མཛད་སྒོའི་ཐོག་རྡ་སྟེང་སློབ་གྲྭ། རྡ་ཤོད་སློབ་གྲྭ།དཔེ་སྟོན་སློབ་གྲྭ།ཤེས་རབ་དགའ་ཚལ་གླིང་བཅས་ཀྱི་སློབ་མ་ཁག་ཅིག་ནས་བོད་ཀྱི་འགྲེམས་སྟོན་ཁང་དང་འབྲེལ་བའི་རི་མོ་བྲིས་ཡོད་འདུག་པས་བརྙན་པར་ལམ་ནས་གཟིགས་འབུལ་ཞུས་སོང།

དེའི་རྗེས་དྲིལ་བསྒྲགས་དྲུང་ཆེ་ཨཙརྱ་ཚེ་དབང་རྒྱལ་པོ་ལགས་ནས་བོད་ཀྱི་འགྲེམས་སྟོན་ཁང་ནི་བོད་ཀྱི་རིག་གཞུང་དང་སློབ་སྦྱོང་བྱེད་སའི་བསྟི་གནས་ཁང་ཞིག་ཡིན་པ་དང་། དེར་གལ་ཆེན་པོ་རྩིས་ནས་མཁས་ལས་པ་དང་མི་མང་ལ་པར་རིས་དེ་ཚོར་བལྟས་ནས་བོད་ཐོག་ལ་གོ་རྟོགས་ཡག་པོ་ཡོང་བ་བྱ་རྒྱུར་གལ་ཆེན་ཆགས་ཡོད། སློབ་གྲྭ་ཁག་ལ་འགྲེམས་སྟོན་ཁང་ཞེས་པའི་རྩོམ་ཡིག་བྲིས་བཅུག་ཡོད་པ་དང་། དེ་ཚོས་སློབ་མ་ཚོར་འགྲེམས་སྟོན་ཁང་གི་ཐོག་ལ་གོ་རྟོགས་ལེགས་པོ་ཞིག་ཡོང་གི་རེད་ཅེས་གསུངས་སོང།

དེ་ཡང་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ནས་ང་ཚོས་རང་དབང་བེད་སྤྱོད་བྱས་ནས་རྒྱལ་ཁབ་གཞན་ལ་བོད་དོན་ཐོག་འགྲེམས་སྤེལ་བྱེད་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་དོན་ཐོག་འཁྱོག་བཤད་མང་པོ་བཤད་ཀྱི་ཡོད་པར་ང་ཚོས་འགྲེམས་སྟོན་ཐོག་ནས་བདེན་པ་ར་སྤྲོད་བྱེད་དགོས།བོད་དོན་ཐད་ལ་དེབ་ཀློག་ན་དུས་ཚོད་མང་པོ་གཏོང་དགོས། འོན་ཀྱང་འགྲེམས་སྟོན་ཐོག་ནས་གོ་རྟོགས་ཡག་པོ་ཡོང་བར་དུས་ཚོད་ཐུང་ཐུང་ནང་ཧ་གོ་ཐུབ། རྒྱ་ནག་གཞུང་གི་བོད་ལ་བཅིངས་གྲོལ་བཏང་ཡོད་ཛེས་བཤད་ཡོད་ཀྱང་། དོན་ངོ་མར་ང་ཚོས་པར་རིས་ཐོག་ནས་གནས་ཚུལ་བདེན་པ་ཡིན་པ་ར་སྤྲོད་བྱེད་ཐུབ།བོད་ནང་གི་ཆབ་སྲིད་བཙོན་པ་ཚོར་མནར་གཅོད་གང་འདྲ་གཏོང་གི་ཡོད་མེད་ཀྱང་ང་ཚོས་པར་རིས་འགྲེམས་སྟོན་གྱི་ལམ་ནས་ཕྱི་རྒྱལ་ཁག་ལ་གོ་རྟོགས་ལེགས་པོ་སྤེལ་ཐུབ།

གཞན་ཡང་གཞོན་སྐྱེས་ཚོས་བོད་ཀྱི་གནས་ཚུལ་ཤེས་རྒྱུ་གལ་ཆེན་པོ་རེད། དེར་བརྟེན་འགྲེམས་སྟོན་ཐོག་ནས་གོ་རྟོགས་སྤེལ་བ་དང་རྗེས་སུ་བརྗོད་གཞི་འདྲ་མིན་ཐོག་གོ་རྟོགས་སྤེལ་འཆར་ཡོད་པ་དང་། རྒྱལ་རབས་གཅིག་པུ་མིན་པར་སྒྱུ་རྩལ་གཞན་ཡང་དེང་དུས་སྒྱུ་རྩལ་དང་རི་མོ་སོགས་ཡོད་ཅེས་དང་། དེར་མ་ཟད་གངས་སྐྱིད་ལ་ཡང་འགྲེམས་སྟོན་ཁང་གསར་འཛུགས་འགོ་བཙུགས་ཟིན་པས་གཞོན་སྐྱེས་ཚོར་དོ་སྣང་སླེབས་ཆེད་དང་།སློབ་གྲྭ་ཁག་གི་སློབ་མར་འབྲི་ཀློག་གི་གོ་སྐབས་ཙམ་མིན་པར་ཀླད་པ་ཡང་རྒྱ་ཆེར་འགྲོ་བའི་ཆེད་དུ་ཡར་རྒྱས་འདྲ་མིན་གཏོང་འཆར་ཡོད་སྐོར་གསུངས་སོང།

བཅར་འདྲི་རྒྱུད་སློབ་མ་ཞིག་གིས་བཤད་དོན། ད་རེས་ཀྱི་བྱེད་སྒོ་དེས་ང་ཚོར་བོད་དོན་ཐོག་སྔར་ལས་ལྷག་པའི་གོ་རྟོགས་གསར་པ་ཞིག་རག་བྱུང་དང་། མ་འོངས་པ་ཡང་འགྲེམས་སྟོན་ཁང་ནས་བོད་དོན་ཐོག་ལ་གནད་དོན་འདྲ་མིན་ཐོག་ལས་འགུལ་སྤེལ་ཐུབ་ན་སློབ་མ་ཚོར་ཕན་ཐོག་པོ་འབྱུང་བ་འདུག་ཅེས་བརྗོད་སོང་།